བོད་ལྗོངས།
བོད་ཀྱི“འོད་ཤུགས+ནུས་གསོག”གི་ཕྱོགས་བསྡུས་ནུས་རྒྱུའི་དཔེ་སྟོན་རྣམ་གྲངས་ཆེ་ཤོས་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་སྒྲུབ་རྩེ་ཆུས་ལྕགས་འདམ་ཤང་ནས་གསར་འགོད་པར་དགུན་གྱི་དྲོད་འཇམ་ཉི་འོད་འོག་མུའུ་1000ལྷག་ཙམ་གྱི་ཉི་ནུས་འོད་ཤུགས་ཤེལ་ལེབ་གྲལ་སྟར་འགྲིག་པོར་གནས་པ་དང་། ལཱིན་སྐྱུར་ལྕགས་ལིས་གློག་རྫས་མ་ལག་ལས་གྲུབ་པའི་“གློག་གསོག་འབོ”ཆེ་གྲས་ཀྱིས་གློག་གསོག་བཞིན་ཡོད་པ་མཐོང་བྱུང་། ཚེས་24ཉིན་གྱི་ཕྱི་དྲོར་འབྲེལ་ཡོད་འགོ་ཁྲིད་དང་། སྐུ་མགྲོན། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་ཀྲའོ་ཝ་50ཡི“འོད་ཤུགས+ནུས་གསོག”གི་ཕྱོགས་བསྡུས་ནུས་རྒྱུའི་དཔེ་སྟོན་རྣམ་གྲངས་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ་མིག་མཐོང་ལག་ཟིན་བྱུང་ཡོད།

    “མ་དངུལ་སྒོར་དུང་ཕྱུར་4.5བཏང་བའི་རྣམ་གྲངས་འདི་ནི་བོད་ཀྱི་མིག་སྔའི‘འོད་ཤུགས+ནུས་གསོག’གི་དཔེ་སྟོན་རྣམ་གྲངས་ཆེ་ཤོས་དེ་ཡིན་ལ། ལྗོངས་ཡོངས་ཀྱི་ཐེངས་གཅིག་ནང་དྲ་སྦྲེལ་ཐུབ་ནས་གློག་གཏོང་བའི་ཕྱོགས་བསྡུས་ནུས་རྒྱུའི་རྣམ་གྲངས་ཐོག་མ་དེའང་ཡིན་པས། གཞིས་རྩེ་གྲོང་ཁྱེར་གྱིས་བསྡུར་གྲངས་མཐོ་བའི་ནུས་རྒྱུ་གསར་པའི་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད”ཅེས་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ལིའུ་ཧུའུ་ཧྲན་གྱིས་གསར་འགོད་པར་བརྗོད། ཁོང་གིས་རྣམ་གྲངས་དེ་ནི་ཧྲན་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་ལྟེ་གནས་དོ་དམ་ཚོགས་ཆུང་གི་2020ལོའི་ཚོང་འགུཌ་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་ཤིག་རེད།

    རྣམ་གྲངས་དེ་ལེགས་སྒྲུབ་ཐུབ་པའི་ངང་ནང་འདྲེན་དང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ལས། ཧྲན་ཏུང་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བཅས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པའི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་དང་། བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པར་བྱས་ཡོད་ཅེས་བརྗོད།

    “རྣམ་གྲངས་འདི་2020ལོ་ཟླ་5པར་ངོ་འཕྲད་གྲོས་མོལ་བྱས་པ་དང་། ཟླ་6པར་གན་རྒྱ་བཞག་པ། ཟླ་7པར་ལས་འགོ་ཚུགས་པ། ཟླ་12པར་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཏེ་ཧྲན་ཏུང་བོད་སྐྱོར་གྱི་ཚོང་འགུགས་མ་འདྲེན་གྱི“མྱུར་ཚད་མགྱོགས་ཤོས”ལས་བརྒལ་ཡོད”ཅེས་ཧྲན་ཏུང་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་ལྟེ་གནས་དོ་དམ་ཚོགས་ཆུང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་མ་ཅིན་ཏུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ཧྲན་ཏུང་བོད་སྐྱོར་དང་གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་དང་ཐོན་ལས་བོད་སྐྱོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ། “ལས་མི་ཡོངས་དང་རྒྱུ་རྐྱེན་གཙོ་བོ་ཡོངས་ལ་དམིགས་ནས་ཚོང་འགུགས”བྱེད་རྒྱུ་མཐའ་འཁྱོངས། ཚོང་འགུགས་ཚོགས་ཆུང་ཆེད་མངགས་བཙུགས་ནས་ལོ་གཅིག་ནང་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཁྱོན་40ནང་འདྲེན་བྱས་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་28ཟིན་ཏེ་དོན་འཁྱོལ་བྱུང་བའི་རྣམ་གྲངས་16དང་དངོས་སུ་དོན་འཁྱོལ་བྱུང་བའི་མ་དངུལ་སྒོར་དུང་ཕྱུར་13.85ཟིན་ཡོད། ཧྲན་ཏུང་ཧྲུའེ་ཧྥ་ཚོགས་པས་སྒོར་དུང་ཕྱུར་4.5བཏང་ནས་བསྐྲུན་པའི་གཞིས་རྩེ་གྲོང་ཁྱེར་གྱི་ཀྲའོ་ཝ་50ཡི“འོད་ཤུགས+ནུས་གསོག”གི་ཕྱོགས་བསྡུས་ནུས་རྒྱུའི་དཔེ་སྟོན་རྣམ་གྲངས་ནི་དེའི་ཁྲོད་ཀྱི་རྣམ་གྲངས་ཆེ་ཤོས་དེ་ཡིན་ལ། ཧྲང་ཏུང་གིས་བོད་སྐྱོར་བྱས་ནས་ལོ་25སོང་རིང་ཁེར་རྐྱང་གི་མ་འཇོག་གྲངས་འབོར་ཆེ་ཤོས་ཀྱི་རྣམ་གྲངས་ཤིག་ཀྱང་རེད། དེ་དང་ཆབས་ཅིག་མ་དངུལ་བཞག་ནས་གཞིས་རྩེར་གཞི་ཚུགས་པའི་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་ཐོག་མ་དེ་ཡིན་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་འོད་ནུས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཧྲན་ཏུང་ཞིང་ཆེན་གྱི་ཧྲུའེ་ཧྥ་ཚོགས་པའི་ལག་རྩལ་དང་། མ་དངུལ། དོ་དམ་བཅས་ཀྱི་ལེགས་ཆ་ཕན་ཚུན་ཟུང་འབྲེལ་བྱས་པ་ཞིག་རེད་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རྒྱལ་ཁབ་ཀྱི་ཉི་ནུས་ཐོན་ཁུངས་ཁྱབ་ཚུལ་རིགས་དང་པོའི་ས་ཁུལ་ཞིག་ཡིན་པས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་མདུན་ལམ་ཡངས་པོ་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་དེ་དྲ་སྦྲེལ་ཐུབ་སྟེ་གློག་གཏོང་བ་གོ་སྐབས་སུ་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྔར་བས་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མཉམ་འདྲེས། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ལག་བསྟར་ནན་ཏན། འོད་གློག་ཐོན་ལས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་སྔར་བས་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་འཐབ་ཇུས་དོན་འཁྱོལ་དང་བོད་ཀྱི་ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396397931