བོད་ལྗོངས།
བོད་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་བཅུ་ཆ་དགུ་ཙམ་ཟིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། 2020ལོའི་ལོ་མཇུག་ཏུ་སླེབས་པས། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྕགས་འདམ་དེང་རབས་སྣོད་བཅུད་ཐོན་ལས་དཔེ་སྟོན་གླིང་དུ་གྲལ་སྟར་འགྲིག་པའི་ཉི་འོད་ཤེལ་ལེབ་དགུན་ཁའི་དྲོ་ཞིང་འཇམ་པའི་ཉི་འོད་འོག་བཀྲག་མདངས་ལྷག་པར་འཚེར། ཁྱོན་མ་དངུལ་སྒོར་དུང་ཕྱུར་4.5བཏང་བའི་ཧྲན་ཏུང་ཧྲུའེ་ཧྥ་ཚོགས་པའི་གཞིས་རྩེ་ཕྱོགས་བསྡུས་ནུས་རྒྱུའི་དཔེ་སྟོན་རྣམ་གྲངས་མི་རིང་བར་སྤྱོད་འགོ་ཚུགས་རྒྱུ་རེད། བོད་ཀྱི“འོད་ཤུགས་+ནུས་གསོག”གི་གློག་ཁང་ཆེ་ཤོས་ཡིན་པའི་རྣམ་གྲངས་དེ་2020ལོའི་ཟླ་7པར་ལས་འགོ་བཙུགས་པ་དང་དུས་ཡུན་ཟླ་4ལྷག་ཙམ་ནང་བསྐྲུན་ཟིན་པས། སྐྱེ་བོ་ཀུན་གྱིས་གངས་ལྗོངས་ས་མཐོར་ནུས་རྒྱུ་གཙང་མ་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མིག་མཐོང་ལག་ཟིན་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་གསལ། ཉེ་བའི་ལོ་ཤས་རིང་། བོད་ཀྱི་གློག་གཏོང་ནུས་པ་ཆེས་ཆེར་འཕར་ཏེ་2020ལོའི་ཟླ་11པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་401.85ཟིན་པའི་ཁྲོད། ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆེས་ཆེར་འཕར་ཏེ་དུས་མཚུངས་ཀྱི་ཆུ་གློག་དང་། རླུང་གློག ས་འོག་ཚ་ནུས་དང་དེ་བཞིན་ཉི་ནུས་གློག་གཏོང་གི་གློག་འདོན་འཕྲུལ་འཁོར་བཅས་ནས་གློག་འདོན་ཚད་ཆན་ཝ་ཁྲི་358ཟིན་ནས་ནུས་རྒྱུ་གཙང་མས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་བསྡུར་གྲངས་ཀྱི་89.09%ཟིན་ཡོད།

    བོད་ལྗོངས་སུ་གཙང་པོ་དང་ཆུ་བོ་མང་བས་ཆུ་ཤུགས་གློག་ཧ་ཅང་འཚམ་པོ་ཡོད། དེ་དང་ཆབས་ཅིག་མཚོ་བོད་ས་མཐོ་ནི་འཛམ་གླིང་ཡོངས་ནས་ཉི་འོད་ཕོག་ཆེ་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་ཡིན་པས་འོད་ཤུགས་གློག་གི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། བོད་དུ་རླུང་ནུས་དང་ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱང་ཅུང་འབེལ་པོ་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས“ཐོན་ཁུངས་ཀྱི་ལེགས་ཆ”“ནུས་རྒྱུའི་ལེགས་ཆར”ཧུར་ཐག་བསྒྱུར་ནས་རྒྱལ་ཁབ་ཀྱི“ནུབ་གློག་ཤར་གཏོང”གི་རྒྱུན་མཐུད་ནུས་རྒྱུའི་རྟེན་གཞི་སྐྲུན་པའི་གོམ་སྟབས་མགྱོགས་སུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཆབ་མདོའི་གསེར་ཆུ་དབའ་ཐོག་ཆུ་ཤུགས་གློག་ཁང་དང་ལྷོ་ཁ་རྒྱ་ཚའི་ཆུ་ཤུགས་གློག་ཁང་སོགས་སྔ་རྗེས་སུ་སྤྱོད་འགོ་ཚུགས་ཏེ་ནུས་རྒྱུ་གཙང་མའི་གློག་གཏོང་གཙོ་བོར་བྱས་པའི་ནུས་རྒྱུའི་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། བོད་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཞའོ་ཏུང་གིས། སྔོན་དཔག་ལྟར་ན་2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཆན་ཝ་ཁྲི་1000ཟིན་རེ་ཡོད་ཅེས་བཤད།

    གློག་དྲའི་སྒྲིག་བཀོད་ཀྱང་ཟམ་མི་ཆད་པར་རིམ་སྤོར་བྱུང་ཞིང་། 2020ལོའི་ཟླ་12ཚེས་4ཉིན་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་གྱི་འདུ་འགོད་དངོས་སུ་སྤྱོད་འགོ་ཚུགས་ཏེ་བོད་ལྗོངས་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་དང་རྫོང(ཆུས)74ལ་ཁྱབ་པའི་གཅིག་གྱུར་གྱི་གློག་དྲའི་དུས་རབས་སུ་སླེབས་ཡོད།

    འདས་ཟིན་པའི་ལོ་10ཡི་རིང་། བོད་ལྗོངས་ཀྱིས་སྔ་རྗེས་སུ་མཚོ་བོད་གློག་དྲ་སྦྲེལ་མཐུད་དང་། ཁྲོན་བོད་གློག་དྲ་སྦྲེལ་མཐུད། བོད་དབུས་ཀྱི་གློག་དྲ་སྦྲེལ་མཐུད་བཅས་ཀྱི་གློག་ཤུགས་ཀྱི་ལམ་བུ་ཆེ་གྲས་གསུམ་བཏོད་པ་མ་ཟད། གྲོང་གསེབ་ཀྱི་གློག་དྲ་དང་གྲོང་ཁྱེར་གྱི་གློག་དྲ་སོགས་གློག་དྲའི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་གློག་དྲ་དང་ནུས་རྒྱུ་གཙང་མའི་རྟེན་གཞི་རེ་རེ་ནས་བཏང་བའི་གློག་གིས་འཛམ་གླིང་ཡང་རྩེའི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ་མ་ཟད། གངས་ལྗོངས་ས་མཐོས་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་ཞབས་འདེགས་ཞུས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396398021