བོད་ལྗོངས།
བོད་ལྗོངས་མངའ་རིས་ཀྱི་ཁོར་ཡུག་གི་དམིགས་ཚད་ཁག་རྒྱུན་མཐུད་ལེགས་སུ་ཕྱིན་པ།

    གསར་འགོད་པར་ཉེ་ཆར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་དང་། སྦགས་བཙོག་དངོས་པོ་གཙོ་བོའི་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་དང་ཐོན་ཁུངས་ཟད་གྲོན་ཆུ་ཚད་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་ཡོད། མངའ་རིས་ས་ཁུལ་ནི་སྔར་བཞིན་རྒྱལ་ཡོངས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱི་མཁའ་རླུང་ལེགས་ཚད་97%ཡན་ཟིན་པ་དང་གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་སྤྱིར་ན་IIIརིམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྤུས་ཚད་ཚང་མ་ཚད་གཞི་ལོན་ཡོད་པ་དང་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་རྒྱུན་འཁྱོངས་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་རི་བོ་དང་། ཆུ་བོ། ནགས་ཚལ། རྨོ་ཞིང་། མཚོ། རྩྭ་ཐང་བཅས་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་འདུ་འགོད་དང་ལས་ཁུངས་ཀྱི་སྒོ་ར་སྔོ་འགྱུར་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་དང་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་བ། སྣོད་བཅུད་ལས་གནས་ཁྲི་2ལྷག་ཙམ་དོན་འཁྱོལ་བྱས་པ། མི་རེར་ལོ་རེར་ཆ་སྙོམས་སྒོར་3500ཡི་ཁ་གསབ་སྤྲད་པ་བཅས་བྱས་པས་མང་ཚོགས་དབུལ་པོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད། འབབ་རྒྱུད་ཀྱི་སྟོད་སྨད་ཀྱི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་གྲོས་མཐུན་བཞག་པ་དང་བྱ་དགའི་མ་དངུལ་སྒོར་ཁྲི་600འབབ་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་བཏང་བ་རེད།

    2020ལོའི་ཟླ་10པར་མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བཏོད་པ་རེད། མིག་སྔར་མངའ་རིས་ས་ཁུལ་གྱི་སྲུང་སྐྱོང་སྲོག་ཆགས་ཀྱི་ཁྱུ་ཚོགས་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་། གསའ་དང་། གཉན། གནའ་བ་སོགས་རི་སྐྱེས་སྲོག་ཆགས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396429521