བོད་ལྗོངས།
རྨང་གཞི་ཡག་པོ་བཏིང་། སྔོ་ལྗང་མཛེས་ལྗོངས་བཏོད།

    —— ཆབ་མདོ་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

    ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཁང་གསར་གྲོང་རྡལ་དབྱེ་སྟོད་གྲོང་ཚོའི་གྲོང་མི་ངག་དབང་ཆོས་འཕེལ་ལ་བེད་མེད་ཀྱི་ས་ཞིང་མུའུ་ཁ་ཤས་ཡོད་པ་དང་ལོ་ཤས་གོང་དུ་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུ་ཆེད་ངག་དབང་ཆོས་འཕེལ་དང་གྲོང་མིས་མཉམ་དུ་བེད་མེད་ཀྱི་ས་ཞིང་སྟེང་ཐང་ཤིང་གི་སྡོང་ཕྲུག་བཏབ་པ་དེ་དག་སྐྱེ་འཚར་ཡག་པོ་བྱུང་ནས་དབྱེ་སྟོད་གྲོང་ཚོ་འདི་ཉིད་སྔོ་ཐིང་ཐིང་དུ་གྱུར།

    ལོ་མང་རིང་། ཆབ་མདོ་གྲོང་ཁྱེར་གྱིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའང་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་འཕེལ་རྒྱས་ཤུགས་ཆེན་བཏང་བ། རྨོ་བསྐྱུར་ནགས་བཟོ་དང་རྨོ་བསྐྱུར་རྩྭ་གསོ་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཧུར་ཐག་བླངས་པ། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་བ་བཅས་བྱས་པར་ཕན་འབྲས་བཟང་པོ་ཐོན་པ་རེད།

    སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཆབ་མདོ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་ཡོལ་སྐྲུན་རྒྱུར་ཐོག་མཐའ་བར་གསུམ་དུ་ཤུགས་སྣོན་བརྒྱབ་སྟེ་ལྗང་མདོག་དང་རང་བྱུང་ལ་བརྟེན་ནས་གཙང་གསུམ་ས་གཞི་ཆེ་མོར་མཛེས་རྒྱན་སྤྲས་པས་ས་གཞི་སྔོ་ལྗང་དང་སྡོད་མལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་རིམ་བཞིན་ཆགས།

    2016ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་ཁྱོན་ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་368དང་དུད་ཚང་36122ལ་སྐྱེ་ཤིང་ཡོད་པ་བྱས་པར་ཁྱོན་སྡོང་ཕྲུག་རྐང་ཁྲི་130ལྷག་ཙམ་བཙུགས་པས་རིམ་རྩིས་བརྒྱབ་ན་མི་ཐབས་ལ་བརྟེན་པའི་ནགས་ས་མུའུ་ཁྲི་40.86མང་དུ་ཕྱིན་པ་དང་རྨོ་བསྐྱུར་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་24.5དང་རྨོ་བསྐྱུར་རྩྭ་གསོའི་རྒྱ་ཁྱོན་མུའུ་ཁྲི་3.468ཟིན་པ། ནགས་ཚལ་མུའུ་ཁྲི་87.84གསོ་སྦྱོང་བྱས་པ། རི་རྒྱ་ནགས་གསོ་བྱེད་ཁྱོན་མུའུ་ཁྲི་9.409ཟིན་པ་བཅས་རེད།

    ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སྤྲད་པ་བརྒྱུད་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་མུའུ་ཁྲི་3556གི་སྤྱི་ཕན་ནགས་ཚལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱས་པ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་ལས་གྲྭ་མུའུ་57244.8ལག་བསྟར་བྱས་པ། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་མུའུ་ཁྲི་73441.8འཛུགས་སྐྲུན་བྱས་པ། ཕྱུགས་བཀག་རྩྭ་བཟོའི་ཁྲོད་མུའུ་ཁྲི་715ལ་ཕྱུགས་འཚོ་མཚམས་བཞག་པ། མི་ཐབས་ལ་བརྟེན་པའི་གཟན་ཆག་མུའུ་ཁྲི་3.678བཏབ་པ། རྩྭ་རིགས་མུའུ་ཁྲི་27ཡི་རྒྱུད་པ་ལེགས་བཅོས་བྱས་པ་བཅས་རེད།

    གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པར་བྱས་ཏེ་དྭངས་ཤིང་གཙང་བའི་སྔོ་ལྗང་རི་ཆུ་བསྲུངས་པ།

    འཕེལ་རྒྱས་དང་སྐྱེ་ཁམས་ཀྱི“མཐའ་ཚད་གཉིས”སྲུང་སྐྱོང་བྱ་ཆེད་ཆབ་མདོ་གྲོང་ཁྱེར་གྱིས་ཨ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གནད་སྨིན་སྦགས་བཙོག་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་སྦགས་བཙོག་འགོག་བཅོས། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་བཅས་འབུར་དུ་ཐོན་པར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

    རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཐད་ཆབ་མདོ་གྲོང་ཁྱེར་གྱིས་གཙོ་གནད་ཁེ་ལས་ལ་དྲ་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་ལ་དམ་འཛིན་བྱས་ཏེ་གཙོ་གནད་ཁེ་ལས་5ལ་དྲ་ཐོག་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་བསྒར་བ་དང་ལྟ་ཞིབ་ཚད་ལེན་གྱི་སྟོན་རྟགས་གཙོ་བོ་CODདང་། ཨན་དང་ཏེན། PHསོགས་ཡོད་པ་དང་འབྲེལ་ཕུང་གསུམ་པའི་སྒྲིག་གཞིར་མངགས་བཅོལ་བྱས་ཏེ་སྦགས་བཙོག་དངོས་པོ་གཙོ་བོ་ལྟ་ཞིབ་ཚད་ལེན་བྱས་པའི་འབྲས་བུ་ལས་སྦགས་བཙོག་དངོས་པོ་ཁག་གི་ཕྱིར་འབུད་ཚད་ལོན་པ་མངོན་པ་རེད།

    ཆུའི་སྦགས་བཙོག་འགོག་བཅོས་ཐད་ན་ནིང་གྲོང་ཁྱེར་ཡོངས་ཀྱི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལྟ་ཞིབ་ཚད་འཇལ་སྙན་ཞུ་ཁག་91བསྡུས་པར་ལྟ་ཞིབ་ཚད་ལེན་གྱི་སྟོན་རྟགས་ཚང་མ་ཚད་ལོན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་24ཡི་སྨན་བཅོས་བཙོག་ཆུའི་རྨང་གཞིའི་ཆ་འཕྲིན་བསྡུས་པ། གྲོང་གསེབ་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་56དབྱེ་མཚམས་བཅད་པ། གཙང་པོར་རྒྱུག་པའི་བཙོག་འབུད་ཁུལ་62ལ་བརྟག་དཔྱད་བྱས་པ། གཞུང་ལམ་དུ་མིན་པའི་སྒུལ་བདེའི་འཕྲུལ་ཆས་ཀྱི་གཞི་གྲངས་དང་ཕྱིར་འབུད་ཚད་གཞི་མཐིལ་རྟོགས་བྱ་ཆེད་འབྲེལ་ཡོད་བརྡ་ཁྱབ་བཏང་ནས་ཕྱིར་འབུད་མང་བའི་གཞུང་ལམ་དུ་མིན་པའི་སྒུལ་བདེའི་འཕྲུལ་ཆས་དོ་དམ་ཚོད་འཛིན་བྱས་པར་འགྲོ་ལམ་དུ་མིན་པའི་སྒུལ་བདེའི་འཕྲུལ་ཆས་301གི་ཨང་སྒྲིག་ཐོ་འགོད་ལེགས་གྲུབ་ཟིན་པ་བཅས་རེད།

    ས་རྒྱུའི་སྦགས་བཙོག་འགོག་བཅོས་ཐད་ཆབ་མདོ་གྲོང་ཁྱེར་གྱིས་ས་རྒྱུའི་སྦགས་བཙོག་དང་། འགྱིག་ཤོག་སྦགས་བཙོག ཞིང་ལས་དང་ཞིང་ཁུལ་ནས་བྱུང་བའི་སྦགས་བཙོག་བཅས་འགོག་བཅོས་དང་སྲ་གཟུགས་སྙིགས་རོའི་ལྟ་འདོམས་ལས་དོན་ཤུགས་ཆེན་སྤེལ་བ་རེད། 2020ལོར་ཁྱོན་སྨན་བཅོས་སྙིགས་རོ་ཏུན་184.8བསྡུས་པ་དང་དུས་ཚད་ཡོལ་བའི་སྨན་རྫས་དང་། རྫས་འགྱུར་ཚོད་ལྟའི་རྫས། དུས་ཚད་ཡོལ་བའི་ཕྱུགས་སྨན་སོགས་ཉེན་ཆེའི་སྙིགས་རོ་ཏུན་62.6གྲོང་ཁྱེར་ལས་བརྒལ་ནས་གཞན་སྒྱུར་བྱས་པ་དང་རྡོ་སོལ་བསྲེགས་སྣུམ་ཏུན་63.14ཞིང་ཆེན་བརྒལ་ནས་གཞན་སྒྱུར་བྱས་པ་རེད།

    སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཕྱོགས་གཅིག་གི་མི་སེར་ལ་ཕན་བདེ་བསྐྲུན་པ།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་དེས་མི་སེར་གྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་ཐུབ་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཁོར་རྒྱུག་བཟང་པོ་མངོན་འགྱུར་ཐུབ་ཡོད།

    2016ལོ་ནས་2019ལོ་བར་ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་མང་ཚོགས་ལ་རྩྭ་ཐང་གི་བྱ་དགའ་དང་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་8.86སྤྲད་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་རང་བཞིན་གྱི་ལས་གནས་དོན་འཁྱོལ་གནད་སྨིན་བྱས་པས་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཁྲི་20ལྷག་ཙམ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་སྤྲོ་སྤྲོ་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བ་དང་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་ཁྱད་ལྡན་ཡུལ་སྐོར་བྱེད་སྒོ་ལེགས་གྲུབ་ལྡན་པའི་ངང་གཉེར་བ་དང“རྒྱལ་ལམ་317ནས་འཛུལ་བ་དང་318ནས་དོན་པའི”ཡུལ་སྐོར་གྱི་བཀོད་པ་གསར་པ་ཆགས་པ། ལོ་ལྔའི་རིང་ཡུལ་སྐོར་རྣམ་གྲངས་30ལྷག་ཙམ་ལག་བསྟར་བྱས་པ་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ནུས་ལྡན་བྱུང་བ། ཡུལ་སྐོར་ལས་རིགས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་2016ལོའི་མི་ཐེངས་ཁྲི་176དང་སྒོར་དུང་ཕྱུར་14.4ནས་2019ལོའི་མི་ཐེངས་ཁྲི་286.2དང་སྒོར་དུང་ཕྱུར་23.5བར་སོ་སོར་འཕར་བ་རེད།

    སྔ་འཛིན་ཕྱི་གཏོད་དང་འབད་འབུངས་མདུན་སྐྱོད་བྱས་ཤིང་། 2019ལོའི་ཟླ་11པར་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཆབ་མདོ་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་ཁག་གསུམ་པའི་མཚན་སྙན་སྤྲད་ཅིང་། ད་ཆ་རི་སྔོ་ཆུ་དྭངས་དང་ཨ་སྔོན་སྤྲིན་དཀར་གྱིས་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ལ་སྐྱེ་ཁམས་ཀྱི་བདེ་རྩ་དེ་བས་མང་བ་བསྐྲུན་པ་དང་ལྗང་སྲུང་དང་། ལྗང་གཅེས། རིམ་བཞིན་ལྗང་འགྱུར་བཅས་གཙང་གསུམ་བུ་ཕྲུག་གི་ཐུན་མོང་གི་དོན་གཉེར་བྱ་གཞི་ཞིག་ཏུ་གྱུར་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398436511