བོད་ལྗོངས།
སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་བྱས་ཏེ་བོད་བྱང་ཐང་སྔར་བས་མཛེས་པོ་ཡོང་བ་བྱས་པ།

    ནག་ཆུ་གྲོང་ཁྱེར་གྱིས“གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་དང་། སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་པ།

    དཔྱིད་དུས་བྱང་ཐང་གི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ། “ནག་ཆུའི་གནམ་གཤིས་འགྱུར་ལྡོག་ཆེ་ཡང་མཁའ་རླུང་གི་སྤུས་ཚད་ཡག་པོ་ཡོད། 2020ལོར་ནག་ཆུ་གྲོང་ཁུལ་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་99.7%ཟིན་ཡོད”ཅེས་ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ལས་དོན་པས་བཤད།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས“གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་དང་། སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་ཐབས་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནག་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ཡག་ཏུ་འགྲོ་རྒྱུའི་འགན་ལེན་བྱས་ཏེ་བོད་བྱང་ཐང་གི་ནམ་མཁའ་སྔར་བས་གཡའ་དག་པ་དང་། ས་གཞི་སྔར་བས་སྔོ་ལྗང་། ཆུ་མོ་སྔར་བས་དྭངས་བ་བཅས་ཡོང་བ་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་གྲོང་ཁྱེར་ཡོངས་ཀྱི་རྫོང་རིམ་པ་དང་དེ་ཡན་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོ་ཚང་མའི་ཆུའི་སྤུས་ཚད་ཀྱི་ཚད་གཞི་ལོན་ཡོད། དེའི་ཁྲོད་གསེར་གླིང་མཚོ་དང་། གསེར་རྙེད་ཆུས་ཀྱི་ནག་ཆུའི་སྨད་རྒྱུད་ཀྱི་སྤྱི་ལེ་1ཙམ་དང་། འབྲི་རུའི་རྒྱལ་མོ་རྔུལ་ཆུའི་སྨད་རྒྱུད་ཀྱི་སྤྱི་ལེ་1ཙམ་བཅས་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱ་ཡུལ་དུམ་བུའི་ཆུའི་སྤུས་ཚད་ཚང་མ་Ⅲརིམ་པ་དང་དེ་ཡན་གྱི་ཚད་གཞིར་སླེབས་ཡོད། ས་ཞིང་དང་འཛུགས་སྐྲུན་ས་ཆའི་ས་རྒྱུའི་ཁོར་ཡུག་གི་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་སྟེ་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད།

    ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན་པ་དང་། ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་ཡིན། དཔལ་འབྱོར་དང་སྐྱེ་ཁམས་གཉིས་ཀར་ཕན་པ་ཡོང་ཆེད། ནག་ཆུ་གྲོང་ཁྱེར་སྲིད་གཞུང་གིས་དགུང་སྔོན་སྲུང་སྐྱོང་དམག་འཐབ་ཀྱི་ལས་དོན་སྤེལ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། གྲོང་ཁྱེར་གྱི་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྦགས་བཙོག་འགོག་བཅོས་ལས་དོན་ལ་གོ་རིམ་ལྡན་པའི་ངང་དབྱེ་ཞིབ་དང་བཀོད་སྒྲིག་བྱས་པ་མ་ཟད། 《ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་སྦགས་བཙོག་ཆེ་བའི་འབུད་རྫས་བཀག་སྡོམ་ཁུལ་དབྱེ་བའི་ཇུས་གཞི》དང་། 《ནག་ཆུ་གྲོང་ཁྱེར་གྱི་ཁྲའེ་ཡེའུ་སྣུམ་གྱི་ཟོག་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ཀྱི་ལག་བསྟར་ཇུས་གཞི》བཏོན་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང་རིམ་པ་21དང་དེ་ཡན་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་ལེགས་སྒྲུབ་བྱས་པ། རྫོང(ཆུས)ཁག་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་300ལྷག་ཙམ་བཏང་སྟེ་གྲོང་གསེབ་ཀྱི་ཆུ་འགོ་སྲུང་སྐྱོང་ཁུལ་12ལ་གཅིག་སྡུད་ཐོག་དབྱེ་འབྱེད་དོ་དམ་བྱས་པ་དང་དེ་བྱིངས་ཀྱི་གྲོང་གསེབ་ཀྱི་ཆུ་འགོའི་སྲུང་སྐྱོང་ཁུལ་གཞན་ལ་ཁ་ཐོར་ངང་དབྱེ་འབྱེད་དོ་དམ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་གྲོང་གསེབ་ཀྱི་གྲོང་ཚོ(གྲོང་ལྷན)315ཡི་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་རྣམ་གྲངས་ཚང་མ་འཛུགས་སྐྲུན་བྱས་པ། བཙོག་འབུད་ཆོག་འཐུས་ལག་ཁྱེར་སྤྲོད་པ་དང་ཐོ་འགོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཁྱིམ་ཚང་54ལ་བཙོག་འབུད་ཆོག་འཐུས་ལག་ཁྱེར་སྤྲད་པ་དང་ཁྱིམ་ཚང་301ལ་བཙོག་འབུད་ཐོ་འགོད་བྱས་པ། 2020ལོར་རིམ་རྩིས་བྱས་ན་ཁེ་ལས་219ལ་ཞིབ་བཤེར་བྱས་པ། ཁེ་ལས་50གྱོད་ཁོངས་སུ་བཅུག་ནས་དངུལ་ཆད་སྒོར་ཁྲི་400ལྷག་ཙམ་བཏང་བ། ཁེ་ལས་170ལ་དག་ཐེར་བྱེད་འགན་སྤྲད་པ། ཁེ་ལས་3ལ་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་པའི་བཀའ་བཏང་བ་བཅས་རེད།

    ནམ་མཁའ་སྔོ་བ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་བ་བཅས་ཀྱི་ནག་ཆུར་མི་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་པར་སྲུང་སྐྱོང་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་པ་དེར་གསར་འགོད་པར་བག་ཆགས་ཟབ་མོ་ཞིག་བྱུང་། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་དེ་དག་དྲིལ་བསྒྲགས་དང་འབོད་སྐུལ་ཤུགས་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད། 2020ལོར་རིམ་རྩིས་བྱས་ན་ནག་ཆུ་གྲོང་ཁྱེར་སྲིད་གཞུང་གིས་དྲིལ་བསྒྲགས་ཀྱི་འགྲོ་གྲོན་སྒོར་ཁྲི་136བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་བ་དང་། ནག་ཆུའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་པར་གཞི་བཟོས་ཏེ“འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོང་ཉིན་མོ”སོགས་དྲིལ་བསྒྲགས་ཀྱི་དུས་མཚམས་སྤྱད་དེ་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཁུངས་དང་། སློབ་གྲྭ སྡེ་ཁུལ་བཅས་སུ་སྤེལ་བའི་དྲིལ་བསྒྲགས་བྱེད་སྒོ་གཉེར་བ་དང་སྦྲགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆ་དང་ཁོར་ཡུག་སྲུང་སྐྱོང་གི་ཁུག་མ་སོགས་སྤྲད་པ། “དྲ་བ་ཀུན་ཁྱབ”བེད་སྤྱད་དེ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་འཕྲིན་ཐུང་ཁྲི་50ལྷག་ཙམ་དང་། དེ་བཞིན་སྐད་འཕྲིན་དང་དཔོད་འཕྲིན་གྱི་ལས་སྟེགས་བརྒྱུད་ཆ་འཕྲིན་1430བསྐུར་བ། དུས་མཚུངས་སུ་བདལ་གཏོང་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སོགས་ཀྱི་ལས་སྟེགས་སྤྱད་དེ་ཁོར་ཡུག་སྲུང་སྐྱོང་གི་སྦྱར་ཡིག་དང་ཁོར་ཡུག་སྲུང་སྐྱོང་གི་བརྡ་ཆ་སྦྱར་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398436951