བོད་ལྗོངས།
“སྐྱེ་ཁམས་སྲུང་དམག”ཁྲི་70ཡིས་བོད་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལ་སྐྱེ་ཁམས་སྲིད་ཇུས་ཀྱི་ཕན་པ་ལོངས་སུ་སྤྱོད་གང་ཐུབ་བྱས་ཤིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2016ལོ་ནས་བཟུང་བོད་ཀྱིས་རིམ་རྩིས་བྱས་ན་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི་70མཁོ་འདོན་བྱས་པར་འབབ་འཕར་སྒོར་དུང་ཕྱུར་40ཙམ་བྱུང་ཡོད།

    འབྲོག་པས་ལུག་ཁྱུ་དེད་ནས་སེར་གླིང་མཚོ་བརྒྱུད་བཞིན་པ། (2020ལོའི་ཟླ་4ཚེས་29ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐན་ཅིན་ཝུན་གྱིས་པར་བླངས།

    དབྱར་གཞུང་གི་ཞོགས་པར། སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཚེ་རིང་མཐར་ཕྱིན་ཞོགས་པ་སྔ་པོ་ནས་ཕྱིར་ཐོན་ཞིང་། “ད་ལྟའི་དུས་ཚིགས་ནི་གཙོད་ཕྲུག་སྐྱེ་བའི་དུས་ཚིགས་ཡིན་པས། ངས་ཉིན་ལྟར་ཞོགས་པ་སྲུང་སྐྱོང་ཁུལ་གྱི་མཐའ་འཁོར་དུ་སྐོར་གཡེང་བྱས་ཏེ་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱེད་ཀྱི་ཡོད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ལས་ཀ་ནི་ཧ་ཅང་ཡག་པོ་ཞིག་རེད། གང་ལགས་ཤེ་ན། དེ་ནི་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སོ་སོའི་ནུས་པ་ཕྲན་བུ་འདོན་ཐུབ་པ་མ་ཟད། ད་དུང་གླ་ཕོགས་ཀྱང་ལེན་རྒྱུ་ཡོད་པས་རེད”ཅེས་བཤད།

    བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་ཚེ་རིང་མཐར་ཕྱིན་དང་འདྲ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཁྱོན་42ཡོད་པ་དེ་དག་མི་རེར་ཟླ་རེར་ཡོང་འབབ་སྒོར་3000ཡོད་ཅིང་། ཁོང་ཚོའི་འབད་བརྩོན་འོག་མིག་སྔར་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་རྒྱུན་འཁྱོངས་ཐུབ་ཡོད།

    ཚུལ་ཁྲིམ་མཐར་ཕྱིན(སྟར་པ་དང་པོའི་གཡོན་གྱི་གསུམ་པ)དང་ཁོང་གི་རོགས་པ་ནགས་སྲུང་བ་ཚོ། (2021ལོའི་ཟླ་2ཚེས་14ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐན་ཅིན་ཝུན་གྱིས་པར་བླངས།

    དེ་ནི་བོད་ཀྱིས་རྒྱལ་ཁབ་ཀྱི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའ་དང་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་ཆེད་སྤྲོད་མ་དངུལ་ལ་བརྟེན་ནས་ངལ་རྩོལ་ནུས་ཤུགས་ཡོད་པའི་མི་འབོར་དབུལ་པོར་ལས་གནས་དང་མི་སྣ་གཏན་འཁེལ་དང་ཐོབ་ཆ་གཏན་འཁེལ་གྱི་སྲིད་ཇུས་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་དུ་ཕུར་བུ་ཚེ་རིང་གིས་ནཌ་རི་སྲུང་སྐྱོང་བྱས་ནས་ལོ་མང་སོང་།

    ལོ་བཅུ་གྲངས་ཁ་ཤས་གོང་། ས་གནས་དེ་གའི་མི་སེར་གྱིས་དགུན་དུས་དྲོད་ལེན་པ་དང་ལྟོ་བཟོ་བར་བུད་ཤིང་དགོས་པས་ཉེ་འགྲམ་གྱི་གྲོང་མི་ཚོ་རི་སྟེང་དུ་ཤིང་གཅོད་པར་འགྲོ་བའི་གོམས་གཤིས་ཡོད། དེས་མ་ཟད་མལ་གྲོ་གུང་དཀར་རྫོང་དུ་གནས་སྤོ་དང་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་དང་ཤྭ་བ་སོཌ་རི་སྐྱེས་སྲོག་ཆཌ་ལྐོག་རྔོན་རྒྱག་པའི་སྣང་ཚུལ་ཡང་ཡོད།

    སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ཆེ་བས་ཕུར་བུ་ཚེ་རིང་གིས་སྐོར་གཡེང་བྱེད་ཐེངས་རེར་དུས་ཚོད་ཧ་ཅང་རིང་པོ་དགོས་ཀྱི་ཡོད། ཤིང་གཅོད་མཁན་འཕྲད་སྐབས་ཁོང་གིས་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ཉེ་འགྲམ་གྱི་གྲོང་ཚོར་སྐྱེ་ཁམས་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་སྤེལ་གྱི་ཡོད། སློབ་གསོ་དང་ཁ་ཏ་བསླབ་བྱར་མི་ཉན་མཁན་འཕྲད་ཚེ་ཁོང་གིས་དོ་དམ་སྲུང་སྐྱོང་ས་ཚིགས་སུ་ཁྲིད་དེ་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣ་ཐག་གཅོད་བྱེད་པར་ཡོང་རྒྱུར་སྒུག་ནས་སྡོད་ཀྱི་ཡོད།

    ཞིང་འབྲོག་པས་རང་བྱུང་ཁམས་ལ་གནོད་འཚེ་མ་བཏང་བར་སྐྱེ་ཁམས་སྲུང་སྐྱོང་བྱས་ནས་འཚོ་ཐབས་བྱེད་ཀྱི་ཡོད། སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ནང་ཞུགས་པ་བརྒྱུད་ངལ་ནུས་ཡོང་འབབ་བྱུང་ནས་མི་སེར་ཁག་གཅིག་གི་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ངོ་མ་བྱུང་ཡོད། སྔོན་ཆད་རྐང་འཁོར་ལས་མཐོང་རྒྱུ་མེད་པའི་རྩ་ཞོལ་ཤང་དུ་ད་ཆ་དུད་ཚང་ཚང་མར་སྦག་སྦག་ཡོད་པ་དང་དུད་ཚང་ཁག་གཅིག་ལ་ད་དུང་འཇིབ་ཆུང་ཡང་ཡོད་པ་རེད།

    ད་ཆ་ཞིང་འབྲོག་པ་དེ་བས་མང་བ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་དང་། ནགས་སྲུང་བ། འདམ་ར་སྲུང་སྐྱོང་བ་བཅས་སུ་གྱུར་པ་དང་གངས་ལྗོངས་ས་མཐོའི“སྐྱེ་ཁམས་སྲུང་དམག”ཏུ་གྱུར་ནས་ཁོར་ཡུག་སྲུང་སྐྱོང་ཁྲོད་ནས་འབབ་འཕར་ཡང་བྱུང་ཡོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310064414