བོད་ལྗོངས།
༄༅།།པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་ཕེབས་ནས་རྟོག་ཞིབ་གནང་བ་མ་ཟད་ཆོས་ཕྱོགས་མཛད་སྒོ་ཡང་སྤེལ་བ།

ཟླ་7ཚེས་25ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མེ་འཁོར་ལ་བཞུགས་ནས་ལྷ་སར་འབྱོར་ཞིང་། ལྷ་ས་མེ་འཁོར་བབས་ཚུགས་དང་པཎ་ཆེན་རིན་པོ་ཆེའི་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་པཎ་ཆེན་རིན་པོ་ཆེ་མཆོག་ལ་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།

བློ་བཟང་རྒྱལ་མཚན་དང་། ཏིང་ཡེ་ཤན། བསྟན་ཁོ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ཧྥང་ལིན་མིན། ཀྲང་ཞའོ་ཧྭ། ལྕགས་རྭ་བློ་བཟང་བསྟན་འཛིན། སྐལ་བཟང་ཚེ་རིང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྷ་ས་མེ་འཁོར་བབས་ཚུགས་སམ་ཡང་ན་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་བསུ་བ་ཞུ་བར་ཕེབས་ནས་པཎ་ཆེན་རིན་པོ་ཆེར་མཇལ་དར་སྒྲོན་པ་དང་ཕྱག་བཏང་ནས་གུས་འདུད་ཞུས་ཏེ་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་གནང་བ་རེད།

ཟླ་7ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་7པ་ཡོལ་ཙམ་ལ། པཎ་ཆེན་རིན་པོ་ཆེའི་བཞུགས་གླིང་རྡོ་རྗེ་ཕོ་བྲང་གི་སྒོ་རའི་ནང་ཆོས་ཀྱི་དུང་སྒྲ་ལྷང་ལྷང་དུ་གྲགས། དྲི་བསང་གི་དུ་བ་ལང་ལོང་དུ་འཕྱུར། དགའ་སྤྲོ་འཁོལ་བ་དང་། བརྗིད་ཉམས་ལྡན་པ། བཀྲ་ཤིས་པ་བཅས་ཀྱི་རྣམ་པས་ཁེངས། པཎ་ཆེན་རིན་པོ་ཆེ་དང་བཅས་པ་སྒོ་རའི་ནང་ཕེབས་སྐབས་བླ་མ་སྐྱེས་ཆེན་ཚོས་ཕྱག་ཏུ་བསང་ཕོར་དང་། རྒྱལ་མཚན། གདུགས་སྐར་བཅས་འཁྱེར་བ་དང་། དུང་རྒྱ་གླིང་བཏང་སྟེ་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་གཟབ་ཤོས་ཐོག་ནས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོར་བསུ་བ་ཞུས་པ་རེད།

ཟླ་7ཚེས་26ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་དང་བཅས་པར་མཇལ་འཛོམས་གནང་བ་དང་། ཏིང་ཡེ་ཤན་དང་། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། ཙེང་དབན་མིན། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། རྡོ་ཐོགས། ལྕགས་རྭ་བློ་བཟང་བསྟན་འཛིན། ཀའོ་དབྱང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མཇལ་འཛོམས་གནང་བར་ཕེབས་ཡོད་པ་རེད།

བློ་བཟང་རྒྱལ་མཚན་གྱིས་དང་ཐོག་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་པཎ་ཆེན་རིན་པོ་ཆེ་དང་བཅས་པ་བོད་དུ་རྟོག་ཞིབ་དང་ཆོས་ཕྱོགས་མཛད་སྒོ་སྤེལ་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

བློ་བཟང་རྒྱལ་མཚན་གྱིས་ན་ནིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལསa་དོན་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་ལས་དོན་གྱི་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆོས་ལུགས་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་རེད། ང་ཚོས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགག་རྩ་ནི“ཁྲིད་སྟོན”བྱེད་མཁས་པ་དང་། “ཁྲིད་སྟོན”བྱེད་ཤུགས་ཆེ་བ། “ཁྲིད་སྟོན”གྱི་ཕན་འབྲས་ཐོན་པ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་ཐུག་ཡོད་ཅེས་ནན་བཤད་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་པཎ་ཆེན་མཆོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་མིག་དཔེར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན”རང་ཉིད་ཀྱི་འགན་འཁྲིར་བརྩིས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐད་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་འདུན་པ་གཅིག་མཐུན། བྱ་སྤྱོད་ཐད་བསམ་བློ་གཅིག་གྱུར་བཅས་ཡོང་བ་བྱས་ཏེ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཆོས་ལུགས་ལ་དགའ་ཞེན་བཅས་ཀྱི་མིག་དཔེར་འགྱུར་རྒྱུའི་ཐུགས་རེ་གནང་བ་དང་། པཎ་ཆེན་མཆོག་གིས་སྤྱི་ཚོགས་ལ་དོ་ཁུར་དང་དད་ལྡན་མང་ཚོགས་ལ་བྱམས་སྐྱོང་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་། ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་སྣེ་འཁྲིད་དེ་རྒྱལ་ཁབ་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བཅས་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཏེ་ཏང་དང་རྒྱལ་ཁབ་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་དཔེ་མཚོན་ཞིག་ཏུ་འགྱུར་རྒྱུའི་སྨོན་འདུན་ཞུས་པ་རེད། པཎ་ཆེན་མཆོག་གིས་སློབ་སྦྱོང་ལ་འབད་བརྩོན་དང་། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ། གསུང་རབ་ཞིབ་འཇུག་ནན་ཏན་བྱེད་པ། ཤེས་ཡོན་ལ་སྦྱངས་པ་བྱེད་པ། དད་ལྡན་མང་ཚོགས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་ཁར་ནང་བསྟན་ཆོས་ལུགས་ཀྱི་ཤེས་བྱ་དང་བསམ་བློའི་བློ་སྦྱོང་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཡོན་ཚད་ཟབ་པ་དང་། ཤེས་རྒྱ་ཆེ་བ། དད་ལྡན་མང་ཚོགས་ལ་ཕན་བདེ་སྐྲུན་མཁན་བཅས་ཀྱི་ནང་བསྟན་གྱི་སློབ་དཔོན་ཆེ་མོ་ཞིག་ཏུ་འགྱུར་དགོས་པའི་ཐུགས་རེ་གནང་བ་རེད།

པཎ་ཆེན་མཆོག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་རང་ཉིད་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་སླར་ཡང་ཕ་ཡུལ་དུ་ལོག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཐུན་སྒྲིལ་སྣེ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་ཡོད་པ་དང་། མི་རིགས་ཁག་ཞི་མཐུན་མཉམ་དར་དང་། བསྟན་དོན་ལམ་ལྷོངས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བཅས་བྱུང་བ་ང་ལ་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་དང་། ཁོང་གིས་བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་རླབས་ཆེའི་དམིགས་ཚད་ལ་རྒྱུན་ཆད་མེད་པར་ཕྱོགས་ནས་བློ་སྟོབས་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་པར་སེམས་གཏིང་ནས་དགའ་པོ་བྱུང་ཞེས་གསུངས་པ་རེད།

པཎ་ཆེན་མཆོག་གིས་རང་ཉིད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་དང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་ཐུགས་རེ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་བ་བློ་ལ་བརྟན་པོར་ངེས་རྒྱུ་ཡིན་ཞེས་གསུངས་ཤིང་། བོད་དུ་ཡོང་ནས་རྟོག་ཞིབ་དང་ཆོས་ཕྱོགས་མཛད་སྒོ་སྤེལ་བའི་གོ་སྐབས་ལ་གཅེས་སྤྲས་དང་སྟངས་འཛིན་ཡག་པོ་བྱེད་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས་མིང་དོན་མཚུངས་པའི་པཎ་ཆེན་ཨེར་ཏི་ནིའི་རྒྱུད་འཛིན་པ་ཞིག་ཧུར་ཐག་བྱེད་པ་དང་། དད་ལྡན་མང་ཚོགས་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣའི་དབར་འབྲེལ་གཏུག་རྒྱ་ཁྱབ་བྱེད་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་བཅས་བྱས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཆོས་ལུགས་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་ཆབས་ཅིག ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་གོམ་སྟབས་རྗེས་མའི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྤེལ་རྒྱུར་རང་ཉིད་ཀྱི་ནུས་པ་ཕྲན་བུ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001364961691