བོད་ལྗོངས།
ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

    ཚེས་22ཉིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་སྲིད་གཞུང་གི་བློ་འདྲི་བ་སྐལ་བཟང་ཚེ་རིང་ཕེབས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་སྒྲུབ་ཀྱིས་ལས་དོན་སྙན་སྒྲོན་གནང་བ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་རྒྱུན་ལས་ཚོགས་གཙོ་གཞོན་པ་བསོད་ནམས་རིག་འཛིན་གྱིས་གཙོ་སྐྱོང་གནང་བ་རེད།

    ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་།ཚོགས་ཞུགས་ལས་འཛིན་པ་ཚོ་དང་ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་ཡོངས་ལ་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་ཡང་ཞུས་པ་རེད།

    ཏིང་ཡེ་ཤན་གྱིས་རིམ་ཁག་ནང་བསྟན་མཐུན་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བླང་བྱ་བཅས་དང་གཅིག་གྱུར་ཡོང་བར་བྱས་ཏེ། དགོངས་དོན་དང་ངོ་བོ་ཁོང་དུ་ཆུད་པར་བྱས་ནས་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ལ་ཞུགས་པ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། སྲོལ་རྒྱུན་རིག་གནས་དར་སྤེལ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་མགྱོགས་པོ་བྱེད་པ་བཅས་ཀྱི་ཆེད་དུ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    གཅིག་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཏང་གི་ཆོས་དད་རང་མོས་སྲིད་ཇུས་ལག་བསྟར་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་། རང་བཙན་རང་བདག་དང་རང་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས། ཀྲུང་གོའི་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    གཉིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཀྲུང་དབྱང་གི་བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་་འགྱུར་བློ་ཐག་ཆོད་པོ། གོམ་སྟབས་གཅིག་མཐུན་བཅས་མཐའ་གཅིག་ཏུ་བྱེད་དགོས།

    གསུམ་ནས་ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་དང་འབྲེལ་དེར་སྲུང་བརྩི་ཡང་ཞུས་ནས་དངོས་ཡོད་ཀྱི་འཚོ་བའི་ཁྲོད་འཚོ་བཅུད་བསྡུ་ལེན་གྱིས་གསར་སྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱེད་དགོས།

    བཞི་ནས་བསྟན་དོན་དང་ཆོས་ཁྲིམས་ཀྱི་དགེ་མཚན་ལྡན་པའི་ནང་དོན་ལ་དུས་རབས་དང་འཚམ་པའི་འགྲེལ་བཤད་རྒྱག་པར་ཤུགས་སྣོན་རྒྱག་དགོས། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ནས་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་འཕེལ་རྒྱས། བདེ་ཐང་ཤེས་དཔལ་སོགས་ལ་ཕན་པའི་དགེ་མཚན་ལྡན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་དད་ལྡན་མང་ཚོགས་ཚོར་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དང་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་བྱེད་དགོས།

    ཏིང་ཡེ་ཤན་གྱིས་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་དང་། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“སྦྲེལ་ཟམ”དང“སྒྲོག་ཐག”གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ལས་འཛིན་པ་ཁ་གསབ་འདེམས་བསྐོ་བྱས་པ་དང《〈ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན〉སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367761591