བོད་ལྗོངས།
རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མཛེས་སྡུག་དང་ཞི་མཐུན་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན།

    དགྲ་འདུལ་གྱིས།

    ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་དར་ཆ་མཐོན་པོར་སྒྲེང་བ་དང་མཐུན་སྒྲིལ་མདུན་སྐྱོད་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་བྱེད་པའི་ཡིད་ཆེས་དང་སྟོབས་ཤུགས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད་སྟབས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ངས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་ཀུན་གྱིས་བཀུར་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞི་ལག་ལེན་བསྟར་བ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བ། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་དང་ཞི་མཐུན་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན།

    བོད་བརྒྱུད་ནང་བསྟན་རྒྱུན་ཆད་མེད་པར་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་དང་འཚམ་པར་བྱེད་པའི་བླང་བྱ་བཏོན་པ་འདི་ནི་ལོ་རྒྱུས་ཀྱིས་ང་ཚོར་དཀྲིས་པའི་འགན་འཁྲི་ཞིག་རེད། བོད་བརྒྱུད་ནང་བསྟན་གྱི་ངོས་ནས་བརྗོད་ན། རྒྱུན་ཆད་མེད་པར་སྤྱི་ཚོགས་དང་འཚམ་པ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཁོར་བ་ལས་སྐྱོབ་པ་དང་གཞན་ལ་ཕན་འདོགས་པ་ནི་རང་ངོས་ཡུན་རིང་གནས་པའི་ཐབས་མཆོག་ཅིག་ཡིན་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་ཡང་མཐུན་ཡོད།

    གཅིག་ནས་སྡིག་སྤོང་དགེ་སྒྲུབ་བྱེད་དགོས། སྡིག་སྤོང་དགེ་སྒྲུབ་ནི་ནང་བསྟན་གྱིས་དར་སྤེལ་གཏོང་བའི་གཞི་རྩའི་བསམ་བློ་དང་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་ལ་ནང་བསྟན་གྱི་སྙིང་པོ་ཡང་ཡིན། སྟོན་པ་ཤཱཀྱ་མུ་ནེས་གཞན་ལ་འཚེ་བ་བྱེད་ན་རབ་བྱུང་མིན་ཞེས་གསུངས་མྱོང་ཡོད། ཡང་ཁོང་གིས་སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན་ཞེས་གསུངས་མྱོང་ཡོད། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པའི་འགག་རྩ་ནི་རང་ངོས་འཛུགས་སྐྱོང་དང་ལྷག་དོན་དུ་བྱང་ཚད་སློབ་གསོ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་ཐུག་ཡོད། རྗེ་བཙུན་བྱམས་པ་མགོན་པོས་རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར། ཞེས་གསུང་མྱོང་ཡོད། དེའི་ཕྱིར་སློབ་སྦྱོང་ལ་ཤུགས་སྣོན་གྱིས་རང་ངོས་བློ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་བྱམས་སྙིང་རྗེ་སྒོམ་པའི་གཞན་ཕན་གྱི་བསམ་བློ་ལག་ལེན་ཧུར་ཐག་བསྟར་དགོས། མའོ་ཀྲུའུ་ཞིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་མཛུབ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་མགོ་མཇུག་རྒྱུན་འཁྱོངས་ཡོང་ཐུབ། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་ཡིན”ཞེས་མཛུབ་སྟོན་གནང་ཡོད། སྤྱི་ལོའི་གོང་གི་ལོ་600ལྷག་ཙམ་དུ་སྟོན་པ་ཤཱཀྱ་ཐུབ་པས་ནང་པའི་ཆོས་ཀྱི་སྲོལ་གཏོད་ཡོད། སྐབས་དེ་དུས་རྒྱ་གར་སྤྱི་ཚོགས་ཀྱི་རིམ་པ་ཁག་དབར་འགལ་ཟླ་དང་རྙོག་འཛིང་ཧ་ཅང་ཆེ་བ་དང་། རྒྱལ་ཕྲན་རྒྱལ་ཁབ་དབར་དམག་འཁྲུག་ཟིང་ཆ་རྒྱུན་ཆད་མེད་པར་ཐོན་ཡོད། ཆོས་ལུགས་ཀྱི་བསམ་བློ་སྣ་ཚོགས་རྒྱ་ཁྱབ་ཏུ་མཆེད་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འོག བློ་ཡིད་ཚིམ་པའི་ཐག་གཅོད་བྱ་ཐབས་ཤིག་འཚོལ་ཞིབ་བྱེད་ཐབས་བྲལ་བས་སྟོན་པ་ཤཱཀྱ་ཐུབ་པས་ནང་པའི་ཆོས་ཀྱི་སྲོལ་གཏོད་ཡོད། དེས་ན་ང་ཚོས་བོད་བརྒྱུད་ནང་བསྟན་གྱི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་སྒྱུར་བཅོས་སྒོ་དབྱེ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་དམངས་འཚོ་ལེགས་གཏོང་གིས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས།

    གཉིས་ནས་འདྲ་མཉམ་བཟོད་སྒོམ་བྱེད་དགོས། ཆེ་ས་རྒྱལ་ཁབ་དབར་དང་། ཆུང་ས་ཁྱིམ་ཚང་དབར། མི་སྒེར་དབར་ཙམ་མ་ཟད། ཐ་ན་འབུ་སྲིན་སོགས་སྲོག་ཆགས་མཐའ་དག་ལ་གནས་ཚུལ་དེ་གནས་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་རྒྱུན་འཛིན་བྱེད་པར་རིགས་མི་གཙོ། རུས་མི་གཙོ། སྤྱོད་པ་གཙོ་བོ་ཡིན་ཞེས་གསུང་མྱོང་ཡོད། སུ་ཞིག་ཡིན་རུང་རིགས་རྒྱུད་མཐོ་དམན་ལས་སྐྱེ་ས་མཐོ་དམན་ཁོ་ན་མཚོན་གྱི་ཡོད། གཙོ་བོ་རང་ངོ་མས་སྒྲུབ་པའི་བྱ་བར་བལྟ་དགོས། འཇིག་རྟེན་གྱི་བདེ་བ་མཐའ་དག་མི་གཞན་དང་སྤྱི་ཚོགས་ལ་བདེ་བ་འགོད་རྒྱུ་ལས་བྱུང་བ་དང་། འཇིག་རྟེན་གྱི་སྡུག་བསྔལ་མཐའ་དག་རང་ཉིད་བདེ་བར་འགོད་རྒྱུར་ཆགས་པ་ལས་བྱུང་བ་ཡིན། ང་ཚོས་ལེགས་སྐྱེས་འབུལ་རྒྱུར་གཞོལ་ཚེ་གཞི་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ།

    གསུམ་ནས་དབུལ་སྐྱོར་གུད་སྐྱོབ་བྱེད་དགོས། དབུལ་སྐྱོར་གུད་སྐྱོབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་སྐྱོར་གུད་སྐྱོབ་ནི་འཇིག་རྟེན་མི་ཆོས་ཀྱི་གནས་ཚད་མཐོ་ཤོས་དེ་ཡིན། ལོ་ངོ་སྟོང་ཕྲག་ཁ་ཤས་གོང་། རང་རྒྱལ་གྱི་བསམ་བློ་མཁས་ཅན་ཁུང་ཙེ་དང་། ཀྲོང་ཙེ། མོང་ཙེ་བཅས་ཚང་མས་དེ་ཚད་གཞི་མཐོ་ཤོས་ཤིག་ལ་བརྩིས་ནས་དར་རྒྱས་གོང་འཕེལ་བཏང་ཡོད། ལོ་ངོ་2000ལྷག་ཙམ་གྱི་རྗེས་སུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཀུན་སྤྱོད་ལ་བརྩི་སྲུང་དང་ཚད་འཇལ་བའི་ཚད་གཞི་ཞིག་ཏུ་གྱུར་ཡོད།

    ང་ཚོས་ཐུན་མོང་ཐོག་ཆོས་ལུགས་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་མཐུན་ཡོང་བ་བྱས་ནས་དད་ལྡན་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། སྟོན་པ་ཤཱཀྱ་ཐུབ་པས་རང་གི་བུ་སློབ་ལ“ལུགས་མཐུན་བབ་མཐུན”གྱི་རྩ་དོན་བཏོན་ཡོད། དེའི་ལྟེ་བའི་ནང་དོན་ནི་བུ་སློབ་ཚོར་རང་ཉིད་གནས་སའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་དང་རྒྱུན་ཆད་མེད་པར་འཚམ་པར་བྱེད་རྒྱུ་དེ་ཡིན། སངས་རྒྱས་ཤཱཀྱ་ཐུབ་པས་སྐབས་དེ་དུས་ཀྱི་དགོས་མཁོར་གཞིགས་ནས། རྒྱ་གར་གྱི་རྒྱལ་རྒྱུད་དང་བྲམ་ཟེར་ཆེར་བསྟོད་བྱེད་མྱོང་ཡོད། དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་ལྡོག་ལས་ལོ་ཏོག་སྨིན་པའི་གནས་ལུགས་གཞིར་བཟུང་། གལ་སྲིད་ཆོས་ཉིད་དང་བསྟུན་ནས་བྱ་བ་མ་བསྒྲུབས་ན་ཚང་མ་སྟོང་ཟད་ཙམ་དུ་འགྱུར་གྱི་ཡོད། དེར་བརྟེན། བྱམས་བརྩེ་དང་གུས་སྲོལ་གཞི་གཅིག་ཏུ་འདུས་པའི་ཁུང་ཙེས་ཀྱང་སྤྱོད་གོ་ཆོད་པའི་སྒྲིག་ལམ་ཞིག་བཟོས་ནས་མི་རྣམས་ཀྱི་བྱ་སྤྱོད་ལ་གཅུན་འདོམས་བྱེད་དགོས་པའི་ངོས་འཛིན་བྱས་ཏེ་སྐྱེས་བུ་དམ་པ་དང་སྐྱེས་བུ་དམ་པ་དང་། བློན་པོ་དང་བློན་པོ། ཕ་དང་ཕ། བུ་དང་བུ་བཅས་ཀྱི་དབར་བརྩི་སྲུང་ཞུ་དགོས་པའི་སྒྲིག་ལམ་བཟོས་ཡོད། མི་ཚང་མས་ངེས་པར་དུ་རང་ཉིད་ཀྱི་མིང་ཐོབ་དང་བསྟུན་ནས་རང་ཉིད་ཀྱི་བྱ་སྤྱོད་དང་གུས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་རང་ཉིད་ཀྱི་མིང་ཐོབ་དང་འཚམ་པོ་མེད་པའི་རེ་འདོད་དང་བྱ་སྤྱོད་ལ་ཚོད་འཛིན་བྱེད་དགོས་པའི་རེ་བ་བཏོན་ཡོད། མའོ་ཀྲུའུ་ཞིས་གཞན་གནོད་ཀྱི་དམིགས་ཡུལ་བཟུང་བ་ནས་འགོ་ཚུགས་ཤིང་མཐར་རང་གནོད་ཀྱི་མཇུག་འབྲས་ཐོན་གྱི་ཡོད། རང་གིས་རང་ལ་རྒྱུས་མངའ་ལོན་དགོས་པ་དང་རང་གིས་རང་ལ་ཤེས་རྟོགས་ཐུབ་པ་དགོས་ཞེས་བཀའ་སློབ་གནང་ཡོད། དེར་བརྟེན། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་སྤྱི་ཚོགས་ཡར་ཐོན་དང་འཚམ་པའི་སྒྲིག་སྲོལ་ལམ་ལུགས་ཤིག་བཟོས་ནས་གནམ་འོག་ཡོངས་ལ་བྱམས་སེམས་བཅངས་ཏེ་བོད་བརྒྱུད་ནང་བསྟན་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་དང་། ཆབ་སྲིད་དང་འཚམ་མཐུན། མི་དམངས་དང་འཚམ་མཐུན་བཅས་ཀྱི་སྲ་བརྟན་གྱི་འདུལ་ཁྲིམས་དང་བསྟན་དོན་གྱི་ལམ་ལུགས་བརྟན་པོ་ཞིག་འཛུགས་དགོས།

    (རྩོམ་པ་པོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚུར་ཕུ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་མཁན་པོ་བཅས་ཡིན )

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368450531