བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱིས་2017ལོའི་ལོ་འཁོར་གྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ།

    འདི་ནི་ཟླ་12ཚེས་26ཉིན་གྱི་སྔ་དྲོ་2017ལོའི་ལོ་འཁོར་གྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2017ལོའི་ལོ་འཁོར་གྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འདི་ལོའི་ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་ལས་ཀའི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་ལས་དོན་ཁྲོད་ཐོན་པའི་དཔེ་བཟང་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ཏེ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁྲོད་རྒྱལ་གཅེས་ཁྲིམས་སྲུང་གི་གཞུང་སེམས་དྲང་པོ་སྔར་བས་དར་སྤེལ་དང་སྔོན་གཏོད་ལེགས་བརྩོན་གྱི་ཡང་དག་པའི་སྟོན་ཕྱོགས་བཙུགས་པ་རེད།

    སྔ་དྲོའི་ཆུ་ཚོད་10ཙམ་དུ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་ཚོགས་ཆེན་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཧོ་ཝུན་ཧའོ་དང་པད་མ་དབང་འདུས་ཚོགས་འདུར་ཕེབས་ཡོད། ཚོགས་ཞུགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ལོ་གཅིག་རིང་རིམ་ཁག་ནང་བསྟན་མཐུན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་བླ་མ་སྐྱེས་ཆེན་རིམ་བྱོན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྤྱོད་བཟང་དང་། རྒྱལ་སྐྱོང་འགྲོ་ཕན་གྱི་དགོངས་པ། སེམས་ཅན་ཐམས་ཅད་བདེ་ལ་འགོད་པའི་དམིགས་ཡུལ་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་པ་དང་། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། གྲྭ་བཙུན་ལ་སྲོག་ཤིང་ལ་གོང་བཀུར་བྱེད་པའི་ཁྲིད་སྟོན་བྱེད་པ། བསྟན་དོན་དང་འདུལ་ཁྲིམས་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ནུས་པ་གལ་ཆེན་བཏོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་དང་དགོན་སྡོད་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་ཚོས་གཅིག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་དགོངས་པ་ཁྲིད་སྟོན་དུ་བྱས་ནས་དུས་རབས་གསར་པར་གཞི་ཚུགས་པ་དང་། དམིགས་ཚད་གསར་པར་དམིགས་པ། བླང་བྱ་གསར་པ་དོན་འཁྱོལ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་བྱེད་སྒོའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་དང་། རང་ཚུགས་དང་། རང་བརྟེན། རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས། དད་ལྡན་མང་ཚོགས་ལ་བསམ་བློ་དང་ནུས་ཤུགས་ཐོན་སྐྱེད་གོང་འཕེལ་དང་། སྐྱོན་བྲལ་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་ཐད་འཇོག་རྒྱུའི་ཁྲིད་སྟོན་བྱེད་དགོས་པ། གསུམ་ནས་དགོན་སྡེ་དོ་དམ་གསར་གཏོད་དང་ཤུགས་སྣོན་རྒྱག་དགོས། དགོན་སྡེ་དང་། གྲྭ་བཙུན། ཆོས་ལུགས་བྱེད་སྒོ ནང་བསྟན་སློབ་གླིང་། དགོན་སྡེའི་རྒྱུ་ནོར་སོགས་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཏོགས་ཁོངས་ཏང་སྲིད་འགོ་ཁྲིད་ཀྱིས་དགོན་སྡེའི་གྲྭ་བཙུན་ལ་འབྲེལ་བ་བྱེད་པའི་འགན་འཁྲིའི་ལམ་ལུགས་དང་། དགོན་སྡེའི་བླ་མ་སྐྱེས་ཆེན་དང་ལྷག་པར་དུ་སྤྲུལ་སྐུས་དགོན་སྡེའི་གྲྭ་བཙུན་ལ་འབྲེལ་བ་བྱེད་པའི་འགན་འཁྲིའི་ལམ་ལུགས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་དགོན་སྡོད་ལས་བྱེད་པས་དགོན་སྡེའི་གྲྭ་བཙུན་ལ་འབྲེལ་བ་བྱེད་པའི་འགན་འཁྲིའི་ལམ་ལུགས་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནས་བཅའ་ཁྲིམས་སློབ་སྦྱོང་ནན་ཏན་དང་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་དགོས། བཅའ་ཁྲིམས་གོང་དུ་བཀུར་བ་དང་། བཅའ་ཁྲིམས་ལ་གུས་ཤིང་སྐྲག་པ། རང་རྟོགས་ངང་བཅའ་ཁྲིམས་སྦྱོང་བ། བཅའ་ཁྲིམས་ཧུར་ཐག་ཤེས་པ་བཅས་བྱས་ནས་བཅའ་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་གནད་དོན་འཕྲད་སྐབས་བཅའ་ཁྲིམས་གཞིར་བཟུང་དགོས་པའི་འདུ་ཤེས་བཙུགས་ཏེ་བཅའ་ཁྲིམས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་བློ་ནན་དུ་གཏོང་བ། སྒྲིག་སྲོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱི་ཡོངས་ལ་དམིགས་ཏེ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལྕག་སྐུལ་དང་གཟིགས་སྐྱོང་ལ་ཤུགས་སྣོན། ལས་བགོས་མཉམ་ལས་ལ་ཤུགས་སྣོན་བཅས་བརྒྱབ་སྟེ་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་གནད་སྨིན་ཡོང་བ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368569791