བོད་ལྗོངས།
སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་ཁྲིད་སྟོན་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

    ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་དང་དཔེ་བཟང་གི་དགོན་སྡེ་གཏོད་པའི་ལས་དོན་ཕྱོགས་སྡོམ། དཔེ་བཟང་དགོན་སྡེ་དང་། ཕུལ་བྱུང་གྲྭ་བཙུན། དགོན་སྡེ་དོ་དམ་གྱི་ཕུལ་བྱུང་ལས་བྱེད་པ། ཕུལ་བྱུང་རྩ་འཛུགས་ཚན་པ། སྔོན་ཐོན་མཉམ་སྡེབ། སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱེད་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐད་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་དང་གྲྭ་བཙུན་གྱི་ཧུར་སེམས་སྐོང་འཐེན་ཐུབ་ངེས་ཡིན་པས་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་རྒྱུར་ཁྲིད་སྟོན་བྱས་ཡོད།

    “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་ནི་རང་ལྗོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པའི་ལག་ལེན་གལ་ཆེན་ཞིག་རེད། འདི་ལོ་ཤར་ཚུན་ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་སློབ་གསོ་ལག་ལེན་གྱི་བྱེད་སྒོས་སློབ་སྦྱོང་མཐོར་གཏོང་ཁྲིད་སྟོན་དུ་བྱེད་པ་དང་བྱེད་སྒོ་ཁག་བརྒྱད་དམ་འཛིན་བྱ་གཞིར་མཐའ་འཁྱོངས་བྱས་ནས་དགོན་སྡེའི་གྲྭ་བཙུན་གྱི་གནད་དོན་གྲལ་བཤེར་དང་གནད་དོན་ཐག་གཅོད་བྱེད་རྒྱུ་མགོ་ནས་མཇུག་བར་ཁྱབ་པར་བྱས་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་ཁག་དང་དགོན་སྡེའི་དོ་དམ་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་དཀའ་སྤྱད་ལས་བརྩོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་ཚོས་དང་ལེན་ཧུར་ཐག་ཞུས་པས་ཚང་མས་གནད་དོན་ལ་གྲལ་བཤེར་དང་ཚང་མས“ཚད་གཞི་བཞིར”བརྩི་སྲུང་ཞུ་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།

    “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་དང་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། ང་ཚོས་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་དེ་བས་ནན་པ་དང་ཏན་ཏིག་གི་བྱ་ཐབས་སྤྱད་དེ་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་སྔར་བས་ཆེ་བ་ཐོབ་པར་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་སློབ་གསོ་མཐོར་གཏོང་མགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་གྲྭ་བཙུན་ཚོས་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཀའ་དྲིན་ཚོར་བ། རླབས་ཆེན་གཙོ་འཛིན་གྱི་བཀའ་དྲིན་ཚོར་བ་བཅས་བྱེད་པར་ལྕག་སྐུལ་གཏོང་བ་དང་། གནད་དོན་ལ་གྲལ་བཤེར་དང་དག་ཐེར་ཏན་ཏིག་བྱེད་པ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཧྲུའུ་ཅིས་གྲལ་བཤེར་ལ་དམ་འཛིན་དང་དག་ཐེར་ལ་དམ་འཛིན་གྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དམིགས་ཚད་དུ་བྱས་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡར་རྒྱས་གོང་འཕེལ་གྱི་བླང་བྱ་གཞིར་བཟུང་། བསྟན་དོན་དང་འདུལ་ཁྲིམས་ལ་དུས་རབས་ཀྱི་དགོངས་འགྲེལ་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་མ་གཏོང་དགོས་པ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གཞི་རྩར་བྱས་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོའི་སྣེ་ཁྲིད་དེ“མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི”གནས་ལུགས་ངོས་འཛིན་གཏིང་ཟབ་ཐུབ་རྒྱུར་སློབ་གསོ་གཏོང་བ་དང་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་སྤྱི་ཚོགས་བཅོས་སྐྱོང“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར”སྔར་བས་སྐུལ་འདེད་གཏོང་དགོས་པ། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》དྲིལ་བསྒྲགས་དང་ལག་བསྟར་དམ་འཛིན་བྱ་གཞིར་བྱས་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་སྣེ་ཁྲིད་དེ་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་གཞིར་བཟུང་ཁྲིམས་བཞིན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཏཱ་ལ་སོགས་བླ་ཆེན་ངོས་འཛིན་ཞུ་བར་ངེས་པར་དུ“ཀྲུང་དབྱང་གི་ཆོག་མཆན་དང་གསེར་བུམ་དཀྲུག་པའི”ཐུན་མོང་གི་ངོས་འཛིན་སྲ་བརྟན་དུ་གཏོང་བའི་སློབ་གསོ་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ཀྲུང་དབྱང་སྲིད་གཞུང་གི་ཐག་གཅོད་དབང་ཆར་སྲུང་སྐྱོང་བྱེད་དགོས།

    རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་ནི་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་མ་གཏོང་མཁན་གྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་རེད། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོས“ཚད་གཞི་བཞི”བསྲུང་བྱ་དང་ཕྱོགས་སྟོན་དུ་ཏན་ཏིག་བརྩིས་ནས་བྱ་སྤྱོད་ཚད་ལྡན་དང་བྱ་སྤྱོད་རང་རྟོགས་ཡོང་བར་བྱས་ཏེ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་མ་ཟད། རང་རྟོགས་ངང་མི་རིགས་ཁ་ཕྲལ་གཏོང་བའི་ཕྱོགས་གཏོགས་དང་ཡང་འཐབ་རྩོད་བྱེད་དགོས། ཆབ་སྲིད་ཐད་བློས་འཁེལ་བའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ནས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ“གདེང་ཚོད་བཞི”དང“མོས་སེམས་ལྔ”རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པའི་སྔོན་ཐོན་གྱི་གྲྭ་བཙུན་བརྩོན་ལེན་བྱེད་དགོས། ཆོས་ལུགས་ཐད་ཐོས་བསམ་ཟབ་པའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ནས་སྒོམ་སྒྲུབ་ཉམས་ལེན་དང་བསླབ་པ་སློབ་གཉེར་གྱི་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པ་མ་ཟད། རྒྱ་ཆེའི་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་སློབ་གསོ་གཏོང་བ་དང་། དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་བརྩོན་ཕྱུག་འགྱུར་དང་། ཤེས་དཔལ་དོན་གཉེར། ད་ཆའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱེད་དགོས། སྤྱོད་ལམ་ཐད་དམངས་མགུ་བའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་རང་གཅུན་ནན་པོ་བྱས་ནས་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དཔེ་སྦྱོང་ཆོས་སྤེལ་དང་དམངས་ལ་ཕན་པ་འདོགས་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་དང་ཀུན་སྤྱོད་བཟང་བའི་སྔོན་ཐོན་གྲྭ་བཙུན་ཞིག་བྱེད་དགོས། འགག་རྩའི་དུས་ནུས་པ་ཐོན་པའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ནས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མི་དམངས་ཀྱི་ཕྱོགས་སུ་ལངས་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཐོག་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

    “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བར་ཁྲིད་སྟོན་བྱེད་པར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པ་དང་། བློ་སེམས་གཅིག་མཐུན་གྱིས་ལས་དོན་ཏན་ཏིག་བསྒྲུབས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ནས། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386607911