བོད་ལྗོངས།
བོད་ཀྱི་ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་སློབ་སྦྱོང་སྤེལ་རེས་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

    2019ལོའི་ཟླ་12ཚེས་31ཉིན་ལྷ་སར་ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་སློབ་སྦྱོང་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏིང་ཡེ་ཤན་དང་། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝེ་ཏུང་། ཁྲེན་ཡུང་ཆི། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། དབང་ཧའེ་ཀྲོའུ། ཧྲི་མོའུ་ཅུན། ལུའོ་མེ། མོང་ཞའོ་ལིན། འཇམ་དཔལ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས་བཅས་ཚོགས་འདུར་ཞུགས་པ་རེད།

    བཞུགས་མོལ་ཚོགས་འདུ་མ་འཚོག་གོང་། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་རེ་རེ་བཞིན་དང་ཕྱག་བཏང་ནས་སྨོན་འདུན་ཞུ་རེས་གནང་བ་རེད། ཚོགས་འདུའི་ཐོག་བསྟན་ཁོས་ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་སྙན་སེང་ཞུས་པ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་གཏམ་བཤད་གནང་བ་རེད། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སྙན་གྲགས་དང་། དཔལ་ལྡན་དཔའ་བོ། བློ་བཟང་དམ་ཆོས། རྗེ་དྲུང་བསྟན་པའི་རྒྱལ་མཚན། ངག་དབང་ཀུན་མཁྱེན། སྟག་ལུང་ཞབས་དྲུང་། བསྟན་པ་ཉི་མ། ཤུག་གསེབ་རྡོ་རྗེ་རབ་བརྟན་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཞུགས་པའི་གྲུབ་འབྲས་དང་མྱོང་ཚོར་ལྷུག་པོར་གླེང་ཁར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ཏང་དང་མེས་རྒྱལ་ལ་དགའ་ཞེན་གྱིས་མི་དམངས་ཀྱི་གཙོ་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལ་མཐའ་གཅིག་ཏུ་གོང་བཀུར་ཞུ་བ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མཚོན་པར་བྱས་ཡོད།

    ཚང་མའི་གཏམ་བཤད་གསན་རྗེས་ཝུའུ་དབྱིང་ཅེས། ལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་བཅངས་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སློབ་གསོ་ལག་ལེན་བྱེད་སྒོའི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱས་ཏེ་འཕྲལ་སྦྱོང་འཕྲལ་བཤེར་འཕྲལ་བཅོས་ཀྱིས་བསམ་བློའི་ངོས་འཛིན་ཟམ་མི་ཆད་པར་མཐོར་གཏོང་དང་། ཆབ་སྲིད་ལངས་ཕྱོགས་ཟམ་མི་ཆད་པར་བརྟན་གཏོང་། ཡིན་མིན་གསལ་འབྱེད་ཀྱི་ནུས་པ་མཐོར་གཏོང་གང་ལེགས་བཅས་བྱས་ཤིང་། རང་གནས་སའི་ཁྱབ་ཁོངས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་ཆེ་རུ་སོང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“ཚད་གཞི་བཞི”ལ་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་གྲྭ་བཙུན་གྱི་གོང་བཀུར་ཟབ་མོ་ཐོབ་པ་དང་། ལྗོངས་ཏང་ཨུད་ཀྱིས་རྒྱ་ཆེའི་གྲྭ་བཙུན་ཁྲོད་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ཐད་ཀྱི་བཀོད་སྒྲིག་རྦད་དེ་ཡང་དག་པ་ཡིན་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་གང་ལེགས་བྱུང་བར་བརྟེན། ངེས་པར་དུ་སྔར་བས་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་བཏང་ནས་རྒྱུན་འཁྱོངས་ལྷོད་མེད་ངང་སྤེལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་བཅངས་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་འབུལ་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་དོན་འཁྱོལ་ནན་པོ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་རྒྱུ་དེ་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་གལ་ཆེན་དུ་བརྩི་བ། “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་སྲོལ་རྒྱུན་བཟང་པོ”དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བ། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། རྩ་བ་དང་འབྱུང་ཁུངས་དག་པའི་ལེགས་ཆ་འདོན་སྤེལ་བྱེད་པ། སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ་ཀྲུང་ཧྭའི་རིག་གནས་སྔ་བར་ཕྱི་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་རྟེན་ས་དང་། སེམས་ཀྱི་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་སེམས་གཏིང་དུ་ཟུག་པ་བྱེད་དགོས། ཁོངས་གཏོགས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་རང་རྟོགས་ངང་ཁུར་བ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། སྲིད་གཞུང་གིས་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་གོམས་སྲོལ་ངན་པ་བསྒྱུར་བ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་སེམས་ནུས་གཙོ་བོ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་འཇོག་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱེད་པ་དང་། ཆོས་ལུཌ་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པ། དགོན་སྡེ་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་ལྷག་བསམ་རྣམ་དག་ངང་གྲོགས་པོ་སྒྲིག་པ་བཅས་བྱས་ཏེ། ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། ལྷག་དོན་དུ་དགོན་སྡོད་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། དགོན་སྡེའི་དོ་དམ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    གསར་འགོད་པས་ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། 2019ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས“ཕྱིར་སྐྱོད་པ་དང་གདན་འདྲེན་པའི”ལས་དོན་སྒྲུབ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གནད་སྨིན་མངོན་གསལ་དོད་པ་དང་། ཆེ་འགུགས་སྟོབས་འདྲེན། ཞབས་ཞུ་ལེགས་གཏོང་། ལྟ་སྐུལ་མཛུབ་ཁྲིད་ཆེར་གཏོང་བཅས་བྱས་པས་ཚོང་འགུག་མ་འདྲེན་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། གྲོང་ཁྱེར་དེ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་དང་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱུང་ཡོད་པ་རེད།

    ཟླ་དང་པོ་ནས་བཅུ་གཅིག་པའི་རིང་། གྲོང་ཁྱེར་དེ་ཡོངས་ཀྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་242དོན་འཁྱོལ་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་381.65བཏང་བ་ལས་དོན་འཁྱོལ་བྱུང་བའི་མ་དངུལ་སྒོར་དུང་ཕྱུར་224.65ཟིན་པ་དང་། ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་སྒོར་དུང་ཕྱུར་210ཡི་107%ལེགས་འགྲུབ་བྱུང་བ་དེས་ལྗོངས་ཡོངས་ཀྱི་ཚོང་འགུག་མ་འདྲེན་གྱི་དམིགས་ཚད་དང་ལས་འགན(དངོས་སུ་དོན་འཁྱོལ་བྱུང་བའི་མ་དངུལ་སྒོར་དུང་ཕྱུར་300)གྱི་74.9%བཟུང་ཡོད། དེའི་ཁྲོད་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་193.2ཟིན་པ་དེས་དངོས་སུ་དོན་འཁྱོལ་བྱུང་བའི་མ་དངུལ་གྱི་86%བཟུང་ཡོད། ཡུལ་དེ་གའི་ཞིང་འབྲོག་པ་ཁྲི་1.3ལྷག་ལས་ཞུགས་གཞན་སྒྱུར་བྱས་ཏེ་ངལ་ནུས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1.5ལྷག་བྱུང་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386756231