བོད་ལྗོངས།
བང་རིམ་ཆོས་སྡེ་དགོན་གྱི་སྤོས་བཟོའི་ལག་རྩལ།

    བང་རིམ་ཆོས་སྡེ་དགོན་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་ནུབ་བྱང་དུ་གནས་ཤིང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་10ཡོད་ལ་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་དགོན་སྡེ་ཆེ་ཤོས་ཡིན་ཞིང་། 1035ལོར་ཕྱག་བཏབ་པ་དང་། སྤྱི་ལོ་1200ལོར་ད་ལྟའི་སྣང་གྲོང་རྡལ་སྡོད་པ་གྲོང་ཚོའི་རི་འདབས་སུ་སྤོས་ནས་ད་བར་དུ་ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ཡོད། བང་རིམ་ཆོས་སྡེ་དགོན་གྱི་སྤོས་ནི་སྡོད་པ་གྲོང་ཚོར་གནས་སྤོས་རྗེས་བཟོ་འགོ་ཚུགས་པ་དང་། ལག་ཤེས་བཟོ་རྩལ་ལ་བརྟེན་པ་དང་རང་བྱུང་གི་རྒྱུ་ཆ་སྤྱད་པས་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་ནི་ལྗོངས་ཡོངས་ཀྱི་སྐད་གྲཌ་ཆེ་བའི་སྤོས་ཐོན་ཡུལ་ཞིག་རེད། བང་རིམ་ཆོས་སྡེ་དགོན་གྱི་སྤོས་ནི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་མ་ཟད། ད་དུང་དུག་སྦྲང་འབུད་པ་དང་དྲན་པ་གསལ་བ། བགེགས་སྐྲོད། དྲི་ངན་སེལ་བ། ཆམ་རིམས་སྔོན་འགོག་སོགས་ཀྱི་ཕན་ནུས་ལྡན་ལ། དེའི་དྲི་ངད་ལྷག་པར་ཞིམ་པས་མི་རྣམས་ལ་ངལ་བ་མཐའ་དག་སེལ་བ་ལྟ་བུའི་སྣང་བ་ཞིག་ཀྱང་ངང་གིས་སྦྱིན། 2010ལོར་བང་རིམ་ཆོས་སྡེ་དགོན་གྱི་སྤོས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་གཞུང་ནང་བཅུག་པ་རེད།

    བང་རིམ་ཆོས་སྡེ་དགོན་གྱི་སྤོས་རྒྱུར་སྣང་རྫོང་གི་ཐུན་མོང་མ་མིན་པའི་ཤུག་པ་གཙོར་བྱས་པའི་ཁར། ཙན་དན་དང་། གླ་རྩི། ཁ་ཆེ་ཤ་སྐམ། ག་བུར། ལི་ཤི་སོགས་རྩ་ཆེའི་རང་བྱུང་གི་སྨན་རྩྭ་རིགས་30སྤྱད་ནས་འོས་འཚམ་གྱི་བསྡུར་ཚད་ལྟར་སྡེབ་སྦྱོར་བྱས་ཏེ་བཟོས་ཤིང་། ལས་རིམ་ལ་རྒྱུ་ཆ་འདེམས་པ་དང་། རྒྱུ་ཆ་ཞིབ་བཟོ། རྒྱུ་ཆ་སྡེབ་སྦྱོར། སྲུབ་དཀྲུག བརྫི་བ། ཉི་སྐམ་གཏོང་བ། ཐུམ་སྒྲིལ་སོཌ་ཚུད་པ་དང་། བརྒྱུད་རིམ་ཚང་མ་མི་ཐབས་ལ་བརྟེན་པ་ཤ་སྟག་ཡིན་ལ། རྒྱུ་ཆ་ཞིབ་བཟོ་དང་ཉི་སྐམ་གཏོང་བ་གཉིས་ནི་ལས་རིམ་ཁྲོད་ཀྱི་ཤིན་ཏུ་རྙོག་འཛིང་ཆེ་ཞིང་ཅུང་གལ་ཆེ་བའི་ལྷུ་ཚིགས་གཉིས་ཡིན་པ་རེད།

    རྒྱུ་ཆ་ཞིབ་མོ་བཟོ་སྐབས་བདམས་ཟིན་པའི་རྒྱུ་ཆ་དག་རྡོའི་སྒོག་ཏིང་ནང་བླུགས་རྗེས་ལས་མི་གཉིས་ཀྱིས་རྒྱུན་ཆད་མེད་པར་བརྡུངས་ཏེ་རྒྱུ་ཆ་དག་མཉམ་འདྲེས་ཡག་པོ་བྱེད་པ་དང་འབྲེལ་དེའི་དྲི་ཞིམ་ཡོངས་སུ་འཐུལ་བར་བྱེད་དགོས་པ་དང་། ལས་རིམ་དེ་ཆུ་ཚོད་24རིང་རྒྱུན་མཐུད་བྱེད་དགོས་པ་མ་ཟད། སྤོས་བཟོ་ཐེངས་རེའི་རྒྱུ་ཆའི་འབོར་ཚད་ཉུང་བས། དེ་ནི་སྤོས་ཐོན་ཚད་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་རེད།

    སྤོས་སྐམ་དུས་ལས་མིས་དུས་ངེས་གཏན་ངང་སྤོས་དག་ཨ་སློག་བརྒྱབ་ནས་ཉི་མས་འཚིག་མ་དྲགས་པར་བྱེད་དགོས་ཀྱི་ཡོད། བརྒྱུད་རིམ་དེ་ནི་ཤིན་ཏུ་གལ་འགངས་ཆེ་ལ། ཡག་པོ་མ་བྱུང་ཚེ་སྤོས་ཀྱི་བཟོ་ལྟར་ཤུགས་རྐྱེན་ཐེབས་སྲིད། སླད་ཕྱིན་ཁྲོམ་རར་བྲིན་ཁ་རྒྱུག་ཆེད། ད་དུང་སྤོས་ཀྱི་བཟོ་ལྟ་འདྲོང་པོ་དགོས་ཤིང་། དེ་ནི་ལས་མི་ཚོའི་སྙིང་རུས་དང་ངང་རྒྱུད་ལ་རག་ལུས་ལ། ཉི་མར་སྐམ་དྲགས་ཚེ་བཟོ་ལྟ་ཆཌ་ཟིན་པའི་སྤོས་འཁྱོག་པོ་ཆགས་པ་དང་མདོག་འགྱུར་བ་མ་ཟད། ཐ་ན་དྲི་ངད་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། བང་རིམ་ཆོས་སྡེ་དགོན་གྱི་སྤོས་ལ་མི་རབས་འགའ་ཤས་དང་ཐ་ན་མི་རབས་བཅུ་གྲངས་ཀྱི་བློ་རིག་འདུས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387329901