བོད་ལྗོངས།
བསྟན་ཁོས་ལྷོ་ཁ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

    ཟླ་4ཚེས་14ཉིན་ནས་16ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་ལྷོ་ཁ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས། ཆོས་ལུགས་ཁྱབ་ཁོངས་ཀྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་རི་སྐོར་ཆོས་སྡེ་དགོན་དང་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་འཁོར་ཆོས་སྡེའི་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཚང་མ་དང་མཉམ་དུ་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།

    བསྟན་ཁོས་ནན་བཤད་གནང་དོན། གྲོང་ཁྱེར་དང་ས་ཁུལ་ཁག་གིས་འདི་ལོའི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལ་གཞིགས་པ་དང་། རང་སྐྱོང་ལྗོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་སྤྱི་ཡོངས་ཀྱི་ཇུས་གཞིར་གཞིགས་ཏེ། 2018ལོ་དང་2019ལོའི་སློབ་སྦྱོང་སློབ་གསོ་དང་དག་ཐེར་ཡོ་བསྲང་གི་རྨང་གཞིའི་ཐོག་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་བརྟན་པོའི་ངང་མཐོར་གཏོང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པ་དང་། ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པར་དམིགས་ཏེ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་སྒྲོག་འགྲེལ་ལས་དོན་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས། ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་། ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་རང་ཉིད་དགོན་སྡེར་སྒྲོག་འགྲེལ་བྱེད་པར་སྐྱོད་དགོས་པ། དགོན་སྡེ་དང་གྲྭ་བཙུན་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་རྩིས་ཐོ་བཟོས་ནས་རེ་རེ་བཞིན་བཅོས་སྒྲིག་བྱེད་དགོས་པ། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ལས་དོན་གྱི་ལམ་ལུགས་ཁག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ《བོད་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་སྒྲིག་ཡིག》དང《བོད་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དགོན་སྲོལ་གྲྭ་ཆིངས》བཟོ་དགོས་པ། “ཚད་གཞི་བཞིའི”སློབ་གསོ་ལག་ལེན་གྱི་ཕུགས་ཕན་ལམ་སྲོལ་བཟོས་ཏེ་བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱི་མི་སྣ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་པའི་གཞི་རྩའི་གནད་དོན་ཐག་གཅོད་གཏིང་ཟབ་བྱས་ནས། སློབ་གསོ་ལག་ལེན་བྱེད་སྒོར་ལམ་ལུགས་ཀྱི་གྲུབ་འབྲས་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་ཐོབ་པར་སྐུལ་འདེད་གཏོང་དགོས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001389949251