བོད་ལྗོངས།
ཏིང་ཡེ་ཤན་གྱིས་དགོན་སྡེའི་རིམས་འགོག་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་གནང་བ།

    ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་འབྲས་སྤུངས་དགོན་དང་། སེ་ར་དགོན། ར་མོ་ཆེ་གཙུག་ལག་ཁང་བཅས་སུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་ཟོན་དང་སེལ་བ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད།

    ཏིང་ཡེ་ཤན་གྱིས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སླར་གསོ་མགྱོགས་མྱུར་ཐུབ་ནས་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཕྱོད་བཅས་གང་ལེགས་མངོན་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚོད་བགམ་ཆེན་པོའི་མདུན་དུ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ལྷག་དོན་དུ་རྒྱ་ཆེའི་གྲྭ་བཙུན་ཚོས“ཚད་གཞི་བཞིར”བརྩི་སྲུང་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་ལ་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། དགོན་སྡེ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་རང་འགུལ་ངང་གནས་སྐབས་མཚམས་འཇོག་པ། གཞི་ཁྱོན་ཅན་གྱི་ཆོས་ལུགས་བྱེད་སྒོ་རང་འགུལ་ངང་གནས་སྐབས་སྤེལ་མཚམས་འཇོག་པ། དད་ལྡན་མང་ཚོགས་ལ་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། རང་རྟོགས་ངང་དགོན་སྡེའི་རིམས་འགོག་དང་དུག་སེལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ན། གཞི་ནས་ཚང་མ་ཡག་པོ་ཡོང་ཐུབ་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་འཛིན་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ། ཆོས་ལུགས་ཁྱབ་ཁོངས་སུ་གནད་དོན་མི་ཐོན་པའི་འགན་ལེན་བྱེད་པ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོག་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་དང་དགོངས་དོན་གཙོ་བོ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་གནད་འཁེལ་ཆུད་པ་དང་། འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་དང་འཚམ་པའི་གསལ་འགྲེལ་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་དགོན་པའི་སྒྲིག་ལམ་དང་སྡོམ་ཁྲིམས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། འདུལ་ཁྲིམས་ནན་པོ་དང་ཆོས་སྲོལ་དག་པོ། ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་བ་བཅས་བྱེད་དགོས། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་བློ་ལ་བརྟན་པོར་ངེས་ནས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། ཁ་ཕྲལ་རིང་ལུགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། རྒྱ་ཆེའི་མང་ཚོགས་དང་དགེ་འདུན་པ་ཚོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀའི་ནང་དངོས་སུ་ཞུགས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་འབད་འཐབ་ཀྱི་སྲོལ་རྒྱུན་གྱི་ལེགས་ཆ་དང་འགན་འཁྲི་ཁུར་བའི་ཀྲུང་གོའི་རྒྱལ་ཁབ་ཆེ་མོའི་གཟུགས་བརྙན་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་འཚོ་བ་སྐྱེལ་བའི་ཚད་མཐོའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མྱོང་ཚོར་གང་ལེགས་བྱུང་བས། དེ་བས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལི་ཝུན་ཧན་དང་། མོང་ཞའོ་ལིན། ཀྲང་ཧུང་པོ། ཀའོ་དབྱང་བཅས་བརྟག་ཞིབ་ལ་ཞུགས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390855441