བོད་ལྗོངས།
ཆེ་དགྲ་ལྷས་དགོན་སྡེའི་ལས་དོན་དང་རིག་དངོས་སྲུང་སྐྱོབ་ལས་དོན་ལ་བརྟག་ཞིབ་གནང་བ།

    ཚེས་6ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་དུ་དགོན་སྡེ་དང་རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་བཅས་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།

    འབྲས་སྤུངས་དགོན་དུ་ཆེ་དགྲ་ལྷས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པ་དང་གླེང་མོལ་གཏིང་ཟབ་གནང་བ་མ་ཟད། དགེ་འདུན་པའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་འབྲས་སྤུངས་དགོན་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་དགེ་འདུན་པ་ཚོའི་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་གང་ལེགས་མཚོན་ཡོད། ཚང་མས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་སློབ་སྦྱོང་བྱེད་པ་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་པ། རྒྱལ་གཅེས་དང་ཆོས་གཅེས་ཟུང་འབྲེལ་བཅས་བྱས་ཏེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་ཐད་ནུས་པ་ཐོན་པ་བཅས་བྱེད་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ”སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཧུར་ཐག་ཞུགས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི“རྒྱལ་སྐྱོང་འགྲོ་ཕན་དང་སྡིག་སྤོང་དགེ་སྒྲུབ”ཀྱི་བསམ་བློས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། དེ་བས་ནུས་ལྡན་གྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོབ་བྱས་ཏེ། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད། ཆེ་དགྲ་ལྷས་དགོན་སྡོད་ལས་བྱེད་པ་ཚོས། ཆོས་ལུགས་ལས་དོན་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། “ཁྲིད་སྟོན”ཐད་མུ་མཐུད་ཤུགས་སྣོན་རྒྱག་པ། དུས་རབས་གསར་པར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཟམ་མི་ཆད་པར་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འཛམ་གླིང་རིག་གནས་ཤུལ་བཞག་ལ་སྔར་བས་སྲུང་སྐྱོབ་བྱེད་པ་དང་། ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་གྱི་མིང་གྲགས་སྔར་བས་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བ། དམངས་འཚོ་ལེགས་གཏོང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱ་ཆེད། མིག་སྔར། འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་གཙུག་ལག་ཁང་གི་རིག་དངོས་གནའ་ཤུལ་སྲུང་སྐྱོང་ལས་གྲྭ་དང་གཙུག་ལག་ཁང་ཐང་ཆེན་ཉམས་བཟོ་སྒྱུར་བཀོད་རྣམ་གྲངས་སོགས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ཆེ་དགྲ་ལྷ་དང་བཅས་པ་སྔ་རྗེས་སུ་གཙུག་ལག་ཁང་གི་ཐང་ཆེན་དང་། བར་སྐོར་ཁྲོམ་གཞུང་། གཙུག་ལག་ཁང་བཅས་སུ་ཕེབས་ནས་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་དང་རིག་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ལས་གྲྭ་ལས་འགོ་བཙུགས་ཚུན་སྔོན་མ་ལྟར་ཉམས་བཟོ་བྱེད་པའི་རྩ་དོན་ལ་གཞིགས་ནས། ལས་དོན་ཁག་བདེ་བླག་ངང་སྤེལ་བ་མཁྱེན་རྗེས་ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིག་དངོས་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱེད་གནས”དང“འཛམ་གླིང་གི་ཡུལ་སྐོར་དམིགས་སར”གཞི་བཙུགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིག་དངོས་སྲུང་སྐྱོབ་ཡག་པོ་དང་དོ་དམ་ཡག་པོ་བྱས་ནས། རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་འཛམ་གླིང་གི་རྩ་ཆེའི་ཤུལ་བཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་གསུངས་པ་རེད།

    བར་སྐོར་ཁྲོམ་གཞུང་དུ་ཆེ་དགྲ་ལྷས་ད་དུང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཚོང་དུད་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391964501