བོད་ལྗོངས།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བ།

    ཉིན་ཤས་བསྟུད་མར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་གནང་བ་རེད།

    ཟླ་8ཚེས་3ཉིན་པཎ་ཆེན་རིན་པོ་ཆེ་ཀྲུང་གོ་ཆོས་ལུགས་ཞི་བདེ་ཨུ་ལྷན་བོད་སྐྱོད་རྟོག་ཞིབ་ཚོགས་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། ཚོགས་འདུའི་ཐོག རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཀུའོ་ཅུན་གྱིས་ཉེ་བའི་ལོ་ཤས་རིང“ཀྲུང་གོ་ཆོས་ལུགས་ཞི་བདེ་ཨུ་ལྷན”གྱི་ཕྱི་ཕྱོགས་འགྲོ་འོང་གི་གནས་ཚུལ་ངོ་སྤྲོད་བྱས་པ་དང་རྟོག་ཞིབ་ཚོགས་པའི་ཁོངས་མིས་རང་སོ་སོའི་ཆོས་ལུགས་ཚོགས་པའི་འབྲེལ་ཡོད་གནས་ཚུལ་ལ་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།

    པཎ་ཆེན་རིན་པོ་ཆེས་ཀྲུང་གོའི་ཆོས་ལུགས་ཆེ་གྲས་ཁག་དབར་གྱི་འཆམ་མཐུན་དང་ཞི་མཐུན་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་ལུགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་མཚར་གཏམ་ཞིག་རེད། “ཀྲུང་གོ་ཆོས་ལུགས་ཞི་བདེ་ཨུ་ལྷན”ནི་ཏང་གི་འགོ་ཁྲིད་འོག་ཞི་བདེར་དགའ་བའི་ཆོས་ལུགས་ཆེན་པོ་ལྔ་ཡི་འཐུས་ཚབ་མི་སྣ་ལས་གྲུབ་པ་ཞིག་རེད། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་གཞི་ནས་རྒྱལ་སྤྱིའི་གར་སྟེགས་ཐོག་ཞི་བདེ་དང་། བསྟུན་མཁས། མཛའ་གྲོགས། མཉམ་འདྲེས་བཅས་ཀྱི་ཀྲུང་གོའི་ཆོས་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ཐུབ། ང་ཚོས་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུའུ་ཞི་དབང་དབྱང་གིས“ཀྲུང་གོ་ཆོས་ལུགས་ཞི་བདེ་ཨུ་ལྷན”གྱི་ལས་དོན་ལ་བཏོན་གནང་བའི་ཐུགས་རེ་ཟབ་མོ་གཞིར་བཟུང་། ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ་དང་། ཡིད་ཆེས་ཆེ་རུ་གཏོང་བ། ཕུགས་འདུན་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་ཏང་གཅེས་དང་། རྒྱལ་གཅེས། དམངས་གཅེས། ཆོས་གཅེས་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། དད་ལྡན་མང་ཚོགས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱ་གཞག་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་ནི་ཆོས་ལུགས་ཀྲུང་གོ་ཅན་གྱི་དཔེ་མཚོན་ཞིབ་ཕྲ་དང་མངོན་ཚུལ་ཞིག་རེད། ང་ཚོ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་མིག་རྒྱང་དེ་བས་རིང་བའི་སྒོ་ནས་རང་ཉིད་ཀྱི་འོས་འགན་དང་འགན་འཁྲིར་ལྟ་སྟངས་བཟུང་བ་དང་བསམ་གཞིག་བྱས་ཏེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་དང་། དུས་རབས་དང་འཚམ་པ་དང་། དུས་རབས་ལ་ཞབས་འདེགས་ཞུ་བ། དུས་བསྟུན་མདུན་སྐྱོད་བཅས་བྱས་ཏེ། རྒྱལ་ཁབ་བརྟན་ལྷིང་དང་། སྤྱི་ཚོགས་འཕེལ་རྒྱས། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་བར་ཞབས་འདེགས་ཞུ་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

    པཎ་ཆེན་རིན་པོ་ཆེས་གཏམ་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་གནང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་འཐབ་ཇུས་གལ་ཆེན་ལ་གྲུབ་འབྲས་ཐོབ་པ་ལས། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་རླབས་ཆེན་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་ལེགས་ཆ་ཟབ་མོ་ཚོར་བྱུང་། རླབས་ཆེན་མེས་རྒྱལ་མངའ་ཐང་སྟོབས་འབྱོར་ལྡན་པ་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ་ཞེས་གསུངས་པ་རེད།

    ཟླ་8ཚེས་6ཉིན། པཎ་ཆེན་རིན་པོ་ཆེས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཚོགས་གཙོའི་ཚོགས་འདུ་ཐེངས་4པ་གཙོ་སྐྱོང་གནང་ནས། ཀྲུའུ་ཞི་དབང་དབྱང་གིས་བོད་དུ་བརྟག་ཞིབ་གནང་རིང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། འབྲེལ་ཡོད་ལས་དོན་གྱི་སྙན་སེང་ཡང་གསན་པ་རེད། པཎ་ཆེན་རིན་པོ་ཆེས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཚུན། ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཏང་ཙུའུ་ཡི་རྩ་འཛུགས་ཀྱི་འགོ་ཁྲིད་འོག ང་ཚོས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ནང་བསྟན་མཐུན་ཚོགས་ཀྱི་སྦྲེལ་ཟམ་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ཅེས་གསུངས་པ་རེད།

    པཎ་ཆེན་རིན་པོ་ཆེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་ཞུས་ནས་ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་དོ་དམ་དང་། ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དགོན་སྡེའི་གྲྭ་བཙུན་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རང་རྟོགས་ངང་ཏང་དང་སྲིད་གཞུང་གི་འགོ་ཁྲིད་དང་ལེན་ཞུས་ཏེ་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    ལྷ་སར་བཞུགས་རིང་པཎ་ཆེན་རིན་པོ་ཆེས་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོ་སྤེལ་གནང་བ་དང་འབྲེལ། སྔ་རྗེས་སུ་གཙུག་ལག་ཁང་དང་། སྣེའུ་ཁུལ་གསར་གསང་ཕུ་དགོན། ཆུ་ཤུར་རྫོང་ར་སྟོད་དགོན་བཅས་སུ་གནས་གཟིགས་ལ་ཕེབས་པ་མ་ཟད། བཀའ་ཆོས་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། པད་མ་དབང་འདུས། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392787181