བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱི་2020ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་མཚན་གནས་ལག་ཁྱེར་སྤྲོད་པའི་མཛད་སྒོ་འཚོགས་པ།

    ཚེས་10ཉིན། རང་སྐྱོང་ལྗོངས་ཀྱི་2020ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་མཚན་གནས་སྤྲོད་པའི་མཛད་སྒོ་གཙུག་ལག་ཁང་དུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ནས་མཚན་གནས་ཐོབ་མཁན་དགེ་འདུན་པར་དར་ཚོན་སྣ་ལྔ་དང་། ཤིང་འབྲས། ཆོས་གོས་སྣམ་སྦྱར་ཆ་ཚང་གཅིག རྟེན་འབྲེལ་དོད་བཅས་གནང་བ་རེད། ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱི་འགན་འཁུར་བས་རྟགས་གསལ་ནང་ཞུགས་མཁན་དགེ་འདུན་པར་སྐུ་འགྱེད་བསྐྱོན་པ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་འགན་འཁུར་བས་ཤིས་ཚིག་གསུངས་པ་དང་འབྲེལ།

    མཚན་གནས་ཐོབ་མཁན་དགེ་འདུན་པར་མཇལ་དར་བསྒྲོན་པ་དང་མཚན་གནས་ལག་ཁྱེར་གནང་བ་རེད།

    དམ་བཅའ་འཇོག་རིང་། རྒྱུགས་སྤྲོད་དགེ་འདུན་པ་ཚོས་སྔ་རྒོལ་དགེ་འདུན་པས་བཏོན་པའི་འབྲེལ་ཡོད་གཞུང་ཆེན་ལྔའི་འདྲི་བར་རྟགས་གསལ་བཏང་བ་རེད། རྒྱུགས་དཔྱད་ཨུ་ལྷན་གྱིས་དཔྱད་བསྡུར་ནན་པོ་བྱས་པ་བརྒྱུད། བྱམས་པ་གླིང་དགོན་གྱི་ཆོས་ཀྱི་རྣམ་པར་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་བློ་བཟང་ཕྱོགས་གླང་ལ་ཨང་གཉིས་པ་ཐོབ་པ། འབྲས་སྤུངས་དགོན་གྱི་ངག་དབང་སྒོམ་ཆེན་ལ་ཨང་གསུམ་པ་ཐོབ་པ། བྱམས་ཁང་དགོན་གྱི་ངག་དབང་ཆོས་རྒྱལ་ལ་ཨང་བཞི་པ་ཐོབ་པ། དཔའ་ཤོད་དགོན་གྱི་སྐལ་བཟང་རྒྱལ་མཚན་དང་། སེ་ར་དགོན་གྱི་རྒྱལ་མཚན་ལུང་རྟོགས། ར་སྟོད་དགོན་གྱི་ཆོས་འཕེལ་ཆོས་བཟང་། དབྱེན་འདུམ་དགོན་གྱི་བློ་བཟང་ལེགས་ཤེས། དགའ་ལྡན་དགོན་གྱི་བསྟན་འཛིན་ཆོས་འཕེལ། བཀྲ་ཤིས་དོ་ཁ་དགོན་གྱི་ཐུབ་བསྟན་ཚུལ་ཁྲིམས། རབ་བརྟན་དགོན་གྱི་བློ་བཟང་ཐུབ་རྒྱལ། ཁྱུང་མཁར་དགོན་གྱི་ངག་དབང་བློ་གྲོས་བཅས་ལ་ཁག་སོ་སོར་ཨང་ལྔ་པ་ནས་བཅུ་གཉིས་བར་ཐོབ་པ་རེད།

    2020ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བའི་དགེ་བཤེས་ལྷ་རམས་པའི་རྒྱུགས་ལེན་རིམ་སྤོར་གྱི་དབྱར་རྒྱུགས་2019ལོའི་ཟླ་7པར་དགའ་ལྡན་དགོན་པར་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་ནས་ཡོང་བའི་རྒྱུགས་སྤྲོད་དགེ་འདུན་པ་12ལ་དམ་བཅའ་འཇོག་པའི་ཐོབ་ཐང་རག་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392844571