བོད་ལྗོངས།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་ཆོས་ཕྱོགས་དང་སྤྱི་ཚོཌ་ཀྱི་བྱེད་སྒོ་སྤེལ་མཇུག་འགྲིལ་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་རོགས་སྐྱོར་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་པ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མཇུག་འགྲིལ་ནས་ཟླ་10ཚེས་20ཉིན་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ལྷ་ས་དང་། ནག་ཆུ། ཉིང་ཁྲི་བཅས་སུ་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མཇུག་འགྲིལ་རྗེས། ཟླ་9ཚེས་15ཉིན་མེ་འཁོར་ལ་བཞུགས་ཏེ་ལྷ་ས་ནས་གཞིས་རྩེར་ཕེབས་པ་རེད། དེའི་རིང་། པཎ་ཆེན་རིན་པོ་ཆེ་གཞིས་རྩེའི་རྫོང་དང་། ཤང་དང་གྲོང་ཚོ། དགོན་སྡེ་བཅས་ཁག་ཏུ་ཕེབས་ནས་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་གནང་བ་རེད།

    གྲོ་མོ་རྫོང་དུ། པཎ་ཆེན་རིན་པོ་ཆེ་གྲོང་ཚོ་དང་དུད་ཚང་ཁག་ཏུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་མཐའ་དར་དམངས་ཕྱུག་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། གྲོ་མོ་སྟོད་ཤང་སྒང་གསུམ་གྲོང་གསར་དུ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་མང་ཚོགས་སྡོད་ཁང་ཐོག་སོ་ཉིས་ལྡན་སྟར་པ་མང་པོ་ཡོད་པ་དང་། སྡོད་ཁང་ཚང་མར་ཆུ་གློག་དྲ་སོགས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་རེད། པཎ་ཆེན་རིན་པོ་ཆེས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ། ཡུལ་མི་ཉི་མ་དོན་གྲུབ་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཉི་མ་དོན་གྲུབ་ཀྱིས་པཎ་ཆེན་རིན་པོ་ཆེ་ལ་རང་ཉིད་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་ཞུས་ཤིང་། ཁོང་གིས། ལོ་རེར་ཁྱིམ་ལ་མཐའ་མཚམས་ཚོང་དོན་གྱི་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཁ་ཤས་རག་གི་འདུག་ལ། ད་དུང་མཐའ་མཚམས་གྲོང་མི་ཞིག་ཡིན་པའི་ཆ་ནས་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་མང་པོ་འདུག ཕྲུ་གུ་ཚོ་རྫོང་དང་ལྷ་སར་སློབ་གྲྭ་འགྲིམ་བཞིན་ཡོད། ད་ཆ་འཚོ་བའི་ཐད་ཟས་གོས་ལ་སེམས་ཁྲལ་མི་འདུག་པས། བདེ་སྐྱིད་ལྡན་པ་ཞིག་འདུག་ཅེས་ཞུས། དུད་སྣ་ཤང་རྒུར་རུ་གྲོང་ཚོར། གྲོང་ཚོ་ཨུ་ལྷན་གྱི་འགན་འཁུར་བས་པཎ་ཆེན་རིན་པོ་ཆེ་ལ། ལོ་ཁ་ཤས་ཀྱི་གོང་ལ་གྲོང་ཚོ་ཡོངས་སུ་ཆུ་དང་གློག་ཤར་གཏོང་ཐུབ་པ་དང་། ཡུལ་མི་ཚོའི་རྒྱུན་གཏན་གྱི་སྨན་བཅོས་དང་བྱིས་པའི་སློབ་ཞུགས་གོང་གི་སློབ་གསོའི་གནད་དོན་གྲོང་ཚོ་ནས་ཐག་གཅོད་ཐུབ་ཡོད། ན་ནིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་250ལྷག་ཙམ་ཟིན་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡོད་ཅེས་ངོ་སྤྲོད་ཞུས་པ་རེད། དེ་རྗེས་པཎ་ཆེན་རིན་པོ་ཆེ་ཡུལ་མི་ལྷག་པ་ཚེ་དབང་གི་ཁྱིམ་དུ་ཕེབས་ནས་ཚང་མ་དང་ལྷན་དུ་ཉེ་འགྲམ་གྱི་བྱ་བ་དང་། མྱོང་ཚོར་དངོས་། བདེ་སྐྱིད་ལྡན་པའི་འཚོ་བ། ཏང་གི་བཀའ་དྲིན་བཅས་ལྷུག་པོར་གླེང་གནང་བ་རེད།

    བརྟག་ཞིབ་གནང་རིང་། པཎ་ཆེན་རིན་པོ་ཆེར་མཐའ་མཚམས་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཐུགས་སྣང་གཤིན་པོ་བྱུང་ཞིང་། ཁོང་གིས་སེམས་བཟང་ཚིག་ནན་གྱི་སྒོ་ནས་ལོ་མང་རིང་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་ཕྱིན་ཡོད། འདི་ནི་ང་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བ་ཞིག་ཡིན། ང་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་དྲིན་ཚོར་གྱི་བསམ་པ་འདི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ཏེ། མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་དང་མཐའ་མཚམས་ཀྱི་རྒྱལ་ཁབ་ས་ཆ་སྲུང་སྐྱོང་ཡག་པོ་བྱེད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་རྒྱ་མཚོ་ལས་ཟབ་པའི་ཏང་གི་བཀའ་དྲིན་འཇལ་དགོས་ཞེས་གསུངས་པ་རེད། པཎ་ཆེན་རིན་པོ་ཆེས་མཐའ་མཚམས་མང་ཚོགས་རྣམས་ལ་སྤྱི་ཚོགས་རིང་ལུགས་ཀྱི་དར་སྲོལ་བཟང་པོ་ལག་ལེན་ཧུར་ཐག་བསྟར་ནས་མི་རབས་རྗེས་མར་སློབ་གསོ་ཡག་པོ་གཏོང་བ་དང་གསོ་སྐྱོང་ཡག་པོ་བྱས་ཏེ། རྒྱལ་ཁབ་འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་ནན་པོ་གནང་བ་རེད། དེའི་རིང་། པཎ་ཆེན་རིན་པོ་ཆེ་གྲོ་མོའི་ཐོན་ལས་གླིང་དུ་ཕེབས་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཟླ་10ཚེས་13ཉིན། པཎ་ཆེན་རིན་པོ་ཆེས་གཞིས་རྩེར་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཚོགས་གཙོའི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ཞིང་། ཁོང་གིས། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་ཁུར་སེམས་གསར་པ་མངོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས། འདུལ་ཁྲིམས་ནན་སྲུང་དང་ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས། དགོན་སྡེ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དགོངས་དོན་ལ་གསལ་འགྲེལ་བྱེད་རྒྱུ་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ་གསོ་སྐྱོང་བྱེད་རྒྱུ་མཐའ་འཁྱོངས། ལས་ཁུངས་ཀྱི་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    པཎ་ཆེན་རིན་པོ་ཆེས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གང་ལེགས་གཏོང་བ་དང་། “མོས་སེམས་ལྔ”ཆེ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། རང་ངོས་ཀྱི་དགེ་མཚན་ལྡན་པའི་ལེགས་ཆ་འདོན་པ་དང་། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

    ཆོས་ཕྱོགས་བྱེད་སྒོ་སྤེལ་རིང་། པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་གྲོ་མོ་རྫོང་བཀའ་བརྒྱུད་དགོན་དང་། དུང་དཀར་དགོན། དཀྱིལ་རུ་དགོན། སྤྲིན་ཟམ་དགོན། རི་ཆུང་པོར་ཏོ་བཅས་དང་། ཁང་དམར་རྫོང་བྲང་དམར་དགོན། བསམ་གྲུབ་རྩེ་ཆུས་ཞ་ལུ་དགོན་དང་དབེན་དགོན། ལྷ་རྩེ་རྫོང་ས་ལུང་ཆོས་སྡེ་དང་། ཆོས་ལུང་བྱང་རྩེ། བོ་གདོང་གཡུ་ཐོག་བཅས། པ་སྣམ་རྫོང་ཆོས་འཕེལ་གླིང་། བོད་ལྗོངས་ནང་བསྟན་སློབ་གླིང་ས་སྐྱ་དགོན་ཡན་ལག་སློབ་གླིང་། རྣམ་གླིང་རྫོང་རྩེ་གདོང་ཆོས་སྡེ་སོགས་སུ་ཕེབས་ནས། རྟེན་མཇལ་ཕྱག་མཆོད་དང་གསུང་ཆོས་གནང་བ་རེད།

    བོད་དུ་བཞུགས་རིང་། པཎ་ཆེན་རིན་པོ་ཆེས་ཆེད་མངགས་ཚོགས་འདུ་འཚོགས་ནས་བོད་རོགས་སྐྱོར་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་ཀའི་སྙན་སེང་གསན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394585521