བོད་ལྗོངས།
བོད་བྱའི་ཐོན་ལས་ཀྱིས“དབུལ་སྒྲོལ་གྱི་ཕུགས་འདུན”ལ་རམ་འདེགས་བྱས་པ།

    “ཁྱེད་ཚོས་ཐོས་བྱུང་ངམ། ང་ཚོའི་གྲོང་ཚོའི་ཉེ་འགྲམ་དུ་བོད་བྱའི་ཐོན་ལས་གླིང་ཞིག་སྐྲུན་རྩིས་ཡོད་པ་འདྲ”ཉིན་དེར་ས་སྐྱ་རྫོང་བྲག་མཇུག་ཤང་རྒྱལ་གཞུང་གྲོང་ཚོའི་གྲོང་མི་ཚེ་རིང་དང་གྲོང་པ་ཁྱིམ་མཚེས་རྣམས་ཀྱིས“གལ་སྲིད་བོད་བྱའི་ཐོན་ལས་གླིང་ལས་འགོ་བཙུགས་ན། ང་ཚོ་ལས་ཡུལ་དུ་ལས་མི་བྱེད་པར་སྐྱོད་ཆོག་པ་མ་ཟད། བོད་བྱའི་ཐོན་ལས་གླིང་བསྐྲུན་རྗེས་ད་དུང་གསོ་ཚགས་ར་བར་ལས་ཀ་བྱེད་པར་ཡང་སྐྱོད་ཆོག”ཅེས་གླེང་མོལ་བྱེད་བཞིན་མཆིས།

    ས་སྐྱ་རྫོང་གནས་མཆོག་བོད་བྱ་ཐོན་ལས་གླིང་གི་རྣམ་གྲངས་དངོས་སུ་སྐྲུན་འགོ་ཚུགས་ཤིང་། རྣམ་གྲངས་དེས་མཚོ་བོད་ས་མཐོའི་གཞི་ཁྱོན་ཆེ་ཤོས་དང་གསོ་ཚགས་ཀྱི་ལག་རྩལ་ཚད་གཞི་མཐོ་ཤོས་ཡིན་པའི་དེང་རབས་སྣོད་བཅུད་གསོ་ཚགས་རྟེན་གཞི་གཏོད་རྒྱུར་གཞོལ་ནས་ཐོན་ལས་ཀྱི་སྣེ་ཁྲིད་ཐད་ས་སྐྱ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་ཐུབ་ངེས་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ས་སྐྱ་རྫོང་ལ་དབུལ་པོའི་གཞི་ཁྱོན་ཆེ་བ་དང་དབུལ་པོ་ཆགས་ཚད་26%ཟིན་པ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཤིན་ཏུ་དབུལ་བའི་རྫོང་གི་གྲས་ཤིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ས་སྐྱ་རྫོང་གིས་དོན་དངོས་ལ་གཞི་ཚུགས་ཏེ་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན། ཡུལ་སྐོར། མི་རིགས་ལག་ཤེས་བཟོ་ལས་བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་དམིགས་ཚད་ཆེན་པོ་ལྔ་བཟོས་ནས་ཕྱོགས་གཅིག་ནས་ས་ཁུལ་དེ་གའི་ཐོན་ལས་ཀྱི་རྨང་གཞིར་གཞིགས་ནས་འཆར་འགོད་དང་སྤུས་ཚད་མཐོ་རུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཚོང་འགུགས་མ་འདྲེན་ཧུར་ཐག་བྱས་ཏེ་རྣམ་གྲངས་ཆེ་གྲས་ནང་འདྲེན་བྱས་པ་བརྒྱུད་རྫོང་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད་པ་རེད།

    ས་སྐྱ་རྫོང་གི་རྫོང་དཔོན་ཚེ་རིང་དགྲ་འདུལ་གྱིས་གསར་འགོད་པར“ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ས་སྐྱའི་ཚོགས་ཆུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ང་ཚོས་བོད་ལྗོངས་གནས་མཆོག་ཞིང་ལས་མ་རྐང་ཚད་ཡོད་ཀུང་སི་དང་ལོ་གཅིག་ཙམ་གྱི་སྦྲེལ་མཐུད་དང་། གྲོས་མོལ། རིགས་པས་ཁུངས་སྐྱེལ་བཅས་བྱས་པ་ཡིན། ཕྱོགས་གཉིས་པོས་འབད་བརྩོན་བྱས་མཐར་ས་སྐྱ་རྫོང་གནས་མཆོག་བོད་བྱའི་ཐོན་ལས་གླིང་གི་འཛུགས་སྐྲུན་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་མ་ཐེབས་ཡོད། ཁེ་ལས་ཆེན་པོ་དང་རྣམ་གྲངས་ཆེན་པོ་ནང་འདྲེན་བྱས་པ་ལས་ས་སྐྱ་རྫོང་གི་སྲོལ་རྒྱུན་གྱི་གཞི་ཁྱོན་ཆུང་ངུའི་གསོ་ཚགས་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་པ་དང་། ཐོན་ཁུངས་ཀྱི་གཞི་ཁྱོན་དང་ཕན་འབྲས་ཆེ་རུ་ཕྱིན་པ། ཁེ་ལས་ཀྱི་སྔོན་ཐོན་ལག་རྩལ་དང་བྲིན་ཚོང་གི་འདུ་ཤེས་བརྒྱུད་ས་གནས་དེ་གའི་མི་རྣམས་ཀྱི་བསམ་བློའི་ལྟ་བར་འགྱུར་ལྡོག་ཕྱིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་བསམ་བློའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད”ཅེས་བཤད།

    “བོད་བྱའི་ཐོན་ལས་གླིང་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ང་ཚོས་ཞིང་དུད་520དང་ཐ་ན་གྲོང་མི་དེ་བས་མང་བར་བོད་བྱ་གསོ་ཚགས་བྱེད་དུ་བཅུག་པ་མ་ཟད། ཁོང་ཚོར་གསོ་ཚགས་ལག་རྩལ་གསོ་སྦྱོང་བྱས་པ་དང་། ཁྲོམ་རའི་རིན་གོང་ལས་མཐོ་བ་སྤྲད་དེ་བོད་བྱའི་སྒོ་ང་ཚུར་བསྡུ་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་གནས་མཆོག་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཡུས་ཀྱིས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤང་དང་གྲོང་རྡལ་སྲིད་གཞུང་གིས་བཙུགས་པའི་བོད་བྱ་མཉམ་ལས་ཁང་གི་ཁག་ཐེག་འོག་ཞིང་དུད་ཀྱིས་རིན་པ་མི་དགོས་པར་ཉིན་120ཕྱིན་པའི་བྱ་ཕྲུག་དང་དེ་མཚུངས་ཀྱི་སྐྱེ་ལྡན་གཟན་ཆག་ལེན་རྒྱུ་བྱུང་བ་དང་འབྲེལ་གསོ་ཚགས་ཀྱི་ཉེན་ཁ་འགན་ལེན་ཡང་བྱས་པ་རེད། ཞིང་དུད་ཀྱིས་མཉམ་ལས་ཁང་ལ་སྟབས་བདེའི་བྱ་ཚང་སྐྲུན་རོགས་དང་། གསོ་ཚགས་ཀྱི་རེ་བ་བཞིན་གསོ་ཚགས་བྱེད་པ། བོད་བྱ་འཚར་ལོངས་བྱུང་ཚེ་རྣམ་གྲངས་ཀུང་སིས་ཁྲོམ་རའི་རིན་གོང་ལ་གཞིགས་ནས་ཚུར་བསྡུ་བྱེད་ཀྱི་ཡོད།

    ཚེ་རིང་དགྲ་འདུལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ས་སྐྱ་རྫོང་གནས་མཆོག་བོད་བྱའི་ཐོན་ལས་གླིང་རྣམ་གྲངས་ཀྱི་ས་སྤྱོད་རྒྱ་ཁྱོན་མུའུ་252.9ཟིན་པ་དང་ཁྱོན་མ་དངུལ་སྒོར་ཁྲི་10625.03བཏང་ཡོད། རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་བསྐྲུན་རྗེས་སྔོན་དཔག་བྱས་ན་བོད་བྱ་ཁྲི་11ཟིན་རྒྱུ་དང་། བཤས་བྱ་ཁྲི་22.2ཟིན་རྒྱུ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་གི་མི་70ལས་ཞུགས་ཐུབ་རྒྱུར་སྐུལ་མ་ཐེབས་རྒྱུ། ལས་ཞུགས་ཐུབ་པའི་དབུལ་ཕོངས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.64ཟིན་ནས་མཐའ་འཁོར་མང་ཚོགས་ལ་ཁེ་ཕན་དངོས་ཐོབ་རྒྱུ་རེད།

    “ས་སྐྱ་རྫོང་གནས་མཆོག་བོད་བྱའི་ཐོན་ལས་གླིང་གི་རྣམ་གྲངས་འཛུགས་སྐྲུན་བྱས་པ་དེ་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་བོད་བྱའི་ཐོན་ལས་ཀྱི་སྤུས་རྟགས་གཏོད་ཆེད་ཡིན་པ་དང་། དེས་བྲག་མཇུག་ཤང་རྒྱལ་གཞུང་གྲོང་ཚོར་འཕེལ་རྒྱས་ཀྱི་གོ་སྐབས་ཡག་པོ་འཕྲད་པ་མ་ཟད། གཞིས་རྩེ་དང་ས་སྐྱ་རྫོང་གི་ཞིང་དུད་ཁྲི་10དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་མ་ཡང་ཐེབས་ཡོད”ཅེས་ལིའུ་ཡུས་ཀྱིས་བརྗོད།

    སྐྲུན་བཞིན་ཡོད་པའི་བོད་བྱ་གསོ་ཚགས་ཐོན་ལས་གླིང་དང་མང་ཚོགས་ཚོའི་རེ་སྒུག་ལ་ལྟ་སྐབས། ཐོན་ལས་གླིང་དེ་ས་སྐྱའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱེད་པའི“ནོར་གཞོང”ཞིག་ཏུ་འགྱུར་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367762241