བོད་ལྗོངས།
བོད་ཀྱི་གྲོང་གསེབ་གཞུང་ལམ་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་རོགས་སྐྱོར་བྱས་པ།

    བོད་ཀྱི་བྱང་རྒྱུད་དང་ཤར་རྒྱུད་ཀྱི་འབྲེལ་མཚམས་ཁུལ་དུ་གནས་པའི་འབྲི་རུ་རྫོང་བན་དཀར་ཤང་གིས་འདི་ལོ་ས་བབ་ཀྱི་ལེགས་ཆ་དང་འགྲིམ་འགྲུལ་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་ལྟེ་བའི་ཤང་དང་གྲོང་རྡལ་དང་འབྱོར་འབྲིང་གྲོང་གསར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས་དབུལ་སྒྲོལ་འགག་སྒྲོལ་དང་ཤང་གྲོང་དར་རྒྱས་གཏོང་རྒྱུར་སྐུལ་འདེད་ཡག་པོ་ཐེབས་ཡོད། ཤང་དང་གྲོང་རྡལ་དེ་གནས་སའི་འབྲི་རུ་རྫོང་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་རིང་ཚད་སྤྱི་ལེ་1148.73ཟིན་ནས་ཤང་དང་གྲོང་རྡལ་དུ་ཤར་གཏོང་ཐུབ་ཚད་90%ཟིན་པ་དང་། སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོ་173ལ་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ནས་ཤར་གཏོང་ཐུབ་ཚད་98.86%ཟིན་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བར་འགྲིམ་འགྲུལ་ཆ་རྐྱེན་སྔོན་ལ་ལེགས་སུ་གཏོང་དགོས་ཀྱི་ཡོད། རང་ལྗོངས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་གྱི“མ་ལམ”རིམ་མཚུངས་ཅན་ལ་སྐུལ་འདེད་བཏང་བ་དང་དུས་མཚུངས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཚོ་ཁག་བར་ཤར་གཏོང་སྣུར་སྲིང་ཐུབ་པ་བྱེད་པ་དང་། མཐའ་མའི་འགག་གནད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་གཞུང་ལམ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་ཕྱིར་འགྲིམ་འགྲུལ་གྱི་འགན་ལེན་བྱས་ཡོད་པ་རེད།

    བན་དཀར་ཤང་གནས་སའི་ནག་ཆུ་ས་ཁུལ་ནི་ཤིན་ཏུ་དབུལ་པོའི་ས་ཁུལ་ཞིག་ཡིན་ཞིང་འགྲིམ་འགྲུལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཐེབས་ནས་ལྗོངས་ཡོངས་དང་ད་དུང་ཧེ་བག་ཧ་ཅང་ཆེན་པོ་ཡོད་པས་མངོན་གསལ་དོད་པའི་ཞན་ཆའི་གནད་དོན་ཞིག་ཏུ་གྱུར་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་གང་དུ་ཡོད་ཚེ་གཞུང་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་དེ་གར་ཕྱོགས་ཡོད། འདི་ལོ་ནག་ཆུ་ས་ཁུལ་གྱིས་རྫོང་དང་། ཤང་། གྲོང་རྡལ། སྲིད་འཛིན་གྲོང་ཚོ་སོགས་ཤར་གཏོང་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཞིང་། སྔོན་རྩིས་ལྟར་ན་འདི་ལོའི་ལོ་མཇུག་ཏུ་ས་ཁུལ་དེ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་1.65(རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཚུད་མེད)ཟིན་ནས་ན་ནིང་ལོ་མཇུག་ལས་སྤྱི་ལེ་2128རིང་དུ་ཕྱིན་ཡོད་པ་རེད། དེའི་ནང་རྫོང་དང་ཤང་དུ་ཤར་གཏོང་ཐུབ་ཚད་100%དང་86.8%སོ་སོར་ཟིན་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཤང་གྲོང་དར་རྒྱས་གཏོང་ཆེད་འགན་ལེན་དེ་བས་ནུས་ལྡན་ཐུབ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་འགྲིམ་འགྲུལ་གྱི་དབུལ་སྐྱོར་འགག་སྒྲོལ་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་འབབ་འཕར་ཕྱུག་འགྱུར་གྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། གྲོང་གསེབ་ཀྱི་གཞུང་ལམ་ནི་འགྲིམ་འགྲུལ་དབུལ་སྐྱོར་གྱི་འཐབ་ས་གཙོ་བོའི་ངོས་ནས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། 2017ལོར་གྲོང་གསེབ་ཀྱི་གཞུང་ལམ་འཆར་འགོད་ལེགས་སྒྲུབ་ལ་མ་དངུལ་སྒོར་དུང་ཕྱུར་230བཏང་ཡོད་པ་དེས་ལོ་འཁོར་གྱི་མ་དངུལ་བསྡོམས་འབོར་གྱི་41%བཟུང་ཡོད་པ་དང་། བཟུང་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པས་ཞིང་འབྲོག་མང་ཚོགས་ཕྱིར་སྐྱོད་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་ཐུབ་ཡོད། དེ་དང་དུས་མཚུངས་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ནང་རྣམ་གྲངས་གནས་སའི་ལམ་རྒྱུད་མང་ཚོགས་དང་ལྷག་པར་དུ་མང་ཚོགས་དབུལ་པོ་གཞུང་ལམ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་ཤུགས་ཆེན་བྱས་ནས་འགྲིམ་འགྲུལ་དབུལ་སྐྱོར་འགག་སྒྲོལ་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་མང་ཚོགས་ཀྱི་འབབ་འཕར་དབུལ་སྒྲོལ་ཕྱུག་འགྱུར་ལ་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།

    འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཡང་སྐྱིད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་གྱི་མུ་མཐུད་སྐྲུན་པའི་རྣམ་གྲངས་ཚང་མ་2018ལོར་ལེགས་སྒྲུབ་བྱ་རྒྱུ་རེད། མཐའ་སྲུང་གཞུང་ལམ་དང་། “ལེགས་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”མཐའ་མཚམས་ཀྱི་འཐབ་ས་མདུན་མའི་གྲོང་ཚོའི་གཞུང་ལམ་བཅས་འཛུགས་སྐྲུན་ཡག་པོ་བྱེད་པར་མཐོང་ཆེན་ལྷག་པར་བྱས་ཏེ་བརྟན་ལྷིང་མཐའ་སྲུང་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་བཅས་ཀྱི་ཆེད་དུ་འགྲིམ་འགྲུལ་གྱི་འགན་ལེན་ཡག་པོ་བྱས་ཡོད་ཅེས་བརྗོད།

 

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368594361