བོད་ལྗོངས།
གྲོང་ཚོ་གསར་པ་དང་། ལས་རིགས་གསར་པ། རྣམ་པ་གསར་པ།

    བོད་ཀྱི་ཁག་དང་པོའི་དབུལ་སྒྲོལ་རྫོང་དང་ཆུས་ལྔའི་བག་ཆགས།

    2017ལོའི་ཟླ་11ཚེས་1ཉིན། བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མིང་བྱང་དུ་གཟེངས་སུ་ཐོན་པའི་གྲུབ་འབྲས་འཁོད་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་བཅས་དངོས་སུ་དབུལ་སྒྲོལ་ཐུབ་པའི་ཁྱབ་བསྒྲགས་བྱས་ཡོད།

    གྲོང་ཚོ་གསར་པ། དབུལ་པོའི་གནད་དོན་ཐག་གཅོད་མཐར་ཕྱིན་གྱིས་ཤང་སྲོལ་བསྒྱུར་བ།

    རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་གི་ཆ་ནས་བོད་རང་སྐྱོང་ལྗོངས་ཁོངས་སུ་མི་འབོར་དབུལ་པོ་ཁྲི་59ལོ་ལྔའི་རིང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ནས་གྲོང་གསེབ་ཏུ་ཐོན་ལས་དར་རྒྱས་དང་། སྣོད་བཅུད་འཕྲོད་སྦྱོར། ཤང་སྲོལ་ཡ་རབས། འཚོ་བ་འབྱོར་ཕྱུག་བཅས་ཀྱི་རྣམ་པ་གསར་པ་མངོན་ཡོད་ཅིང་། ཉེ་ཆར་གསར་འགོད་པ་བོད་ཀྱི་ཁག་དང་པོའི་དབུལ་སྒྲོལ་ཐུབ་པའི་རྫོང་དང་ཆུས་ལྔ་རུ་བསྐྱོད་ནས་དེ་ཁུལ་གྱི་དབུལ་སྒྲོལ་གནས་ཚུལ་ཉན་པ་ཡིན།

    ལོ་25ལ་སླེབས་པའི་མཚོ་དབང་བསྟན་འཛིན་གྱིས་ཕ་ཡུལ་གྱི་འབྲི་གཡག་མགོ་གྲངས་7བཙོངས་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་གནས་པའི་སྡོད་ཁང་གསར་པར་མཛེས་བཟོ་དེ་བས་ལེགས་པ་དང་སྐྱིད་སྣང་དོད་པ་ཞིག་བྱས་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་བར་ཐག་སྤྱི་ལེ་200ཙམ་ཆོད་པའི་ཕ་ཡུལ་ལྷུན་གྲུབ་རྫོང་དུ་མཚོ་དབང་བསྟན་འཛིན་དང་། ཁྱོ་བོ། སྒྱུག་མོ། དེ་བཞིན་ལོ་ན་ཕྲ་བའི་ཕྲུ་གུ་གསུམ་བཅས་ལ་དེ་སྔ་ས་ཞིང་མུའུ་2དང་འབྲི་གཡག་མགོ་གྲངས་11ལས་མེད། ལོ་ཏོག་འབྲི་གཡག་ལ་འདང་ཙམ་ལས་མེད་པ་དང་། དབྱར་དུས་རི་ཡི་རྩྭ་ཁ་བཟང་བའི་སྐབས་སུ་མ་གཏོགས་འབྲི་མོར་འོ་མ་མེད་པས་མི་དྲུག་པོའི་ཟས་སུ་འདང་ངེས་ཀྱི་མར་ཡང་ཐོན་གྱི་མེད། དངུལ་སྨར་གྱི་ཡོང་འབབ་སྤྱིར་ན་མེད་པས་ཟས་གོས་ཚང་མ་སྲིད་གཞུང་གི་སྐྱོབ་གསོར་རྟེན་དགོས་སྟབས། མཚོ་དབང་བསྟན་འཛིན་གྱི་ཁྱིམ་ཚང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དུ་གྱུར།

    2016ལོའི་ལོ་མཇུག་ཏུ་མཚོ་དབང་བསྟན་འཛིན་གྱི་ཁྱིམ་ཚང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཁག་དང་པོའི་ངོས་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཤར་ལྷོའི་རྒྱུད་ཀྱི་གྲོང་ཚོ་གསར་པར་སྤོས། སྡོད་ཁང་གསར་པར་འཛིན་ཆས་དང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་ཡོད་པས་ནང་མི་རྣམས་རང་གི་ཕོར་པ་མ་གཏོགས་ཅ་ལག་གཞན་གང་ཡང་འཁྱེར་དགོས་ཀྱི་མེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྔོན་དཔག་ལྟར་ན། བོད་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཁྲི་26.3ཟིན་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོའི་44.6%བཟུང་བ་དང་། མིག་སྔར་ཁྲི་10ལྷག་ཙམ་རང་མོས་ངང་བཀོད་སྒྲིག་བྱ་ཡུལ་714རུ་སྤོས་པ་རེད། འབྱུང་འགྱུར་ཆབ་མདོའི“ས་ངན”ཡུག་ཁུལ་སོགས་འཚོ་སྡོད་དང་མི་འཚམ་པའི་ས་ཁུལ་ཧྲིལ་པོ་གནས་སྤོ་བྱས་ནས་དེ་བས་མང་བའི་ཁྱིམ་ཚང་དབུལ་པོ་གནས་སྤོ་དང་། དབུལ་པོའི་རྩ་བ་ཕྱུང་བ། ལས་རིགས་ཞན་པོ་བརྗེ་སྒྱུར་བཅས་བྱས་ཏེ་དབུལ་པོ་མི་རབས་ནས་མི་རབས་བར་མཆེད་པའི་གནས་ཚུལ་བཀག་འགོག་ཐུབ་རྒྱུ་རེད།

    ལས་རིགས་གསར་པ། ཕ་ཡུལ་དང་མ་བྲལ་བར་གྲོང་གསེབ་ཀྱི་ལས་རིཌ་དར་རྒྱས་བཏང་བ།

    གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཇོ་མོ་ལྷ་རིའི་འདབས་སུ་ཆུང་སྒྲོལ་མས་རང་ཁྱིམ་གྱི་འབྲི་གཡག་མགོ་གྲངས་4ལས་མེད་པ་དེས་མ་རྐང་བྱས་ནས་ཕག་རིའི་འབྲི་གཡག་ཐོན་ལས་ཀུང་སིའི་མ་རྐང་ལ་ཞུགས་པ་རེད།

    ལོ་ལྔ་བཅུ་ཟིན་ཉེར་ཡོད་པའི་ཆུང་སྒྲོལ་མར་ལོ་14ཡི་གོང་ཕྲུ་གུ་སྐྱེ་སྐབས་ན་ཚ་ཕོག་པའི་ཁར་རང་གཅིག་པུས་ཕྲུ་གུ་གསོ་དགོས་པས་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་སྐྱོད་ཐབས་བྲལ། ཁྱིམ་ཚང་གི་འགྲོ་སོང་གཙོ་བོ་སྣམ་བུ་བཏགས་ནས་གསོག་དགོས་ཀྱི་ཡོད། 2017ལོའི་ཟླ་9པར་བཙུགས་པའི་ཕག་རི་འབྲི་གཡག་ཐོན་ལས་ཀུང་སིས་ཁོང་མ་བུ་གཉིས་ལ་རེ་བ་གསར་པ་བྱིན་ཡོད།

    ཕག་རི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་ཀུང་སི་དེར་ད་ཆ་འབྲི་གཡག་མགོ་གྲངས་8000ལྷག་ཙམ་ཡོད་པའི་ནང་70%ས་ཆ་དེ་གའི་མང་ཚོགས་ཀྱིས་འབྲི་གཡག་མ་རྐང་བཞག་པ་རེད། མ་རྐང་ལ་ཞུགས་པའི་འབྲི་གཡག་མགོ་གྲངས་རེར་ལོ་དང་པོ་ནས་གསུམ་པའི་བར་ལོ་རེར་ཁེ་སྤོགས་སྒོར་650སྤྲད་ཡོད། སླད་ཕྱིན་ལོ་རེར་སྒོར་200མང་དུ་གཏོང་རྒྱུ་ཡིན། འབྲི་གཡག་བཤས་མི་གཏོང་བ་དང་མི་འཚོང་བར་ཡོང་འབབ་གསོག་ཐུབ་ཀྱི་ཡོད། ལོ་འགའ་སོང་རྗེས་ད་དུང་འབྲི་གཡག་སྔར་ཡོད་བཞིན་ལེན་རྒྱུ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    འབྲི་གཡག་ཕུད། ད་དུང་ཀུང་སི་དེས་རྩྭ་ར་མ་རྐང་ལ་ཞུགས་པ་དང་ལེན་བྱས་ནས་ཕྱུགས་འཚོ་དང་གཟན་རྩྭ་འདེབས་པ་སོགས་ལ་སྤྱོད་ཀྱི་ཡོད། ཆུང་སྒྲོལ་མའི་རྩྭ་ར་མ་རྐང་ལ་བཞག་རྗེས་དེ་སྔ་མུའུ་རེར་སྲིད་གཞུང་གི་ཁ་གསབ་རོགས་དངུལ་སྒོར་1.5ཡོད་པའི་རྨང་གཞིའི་ཐོག་ད་དུང་མུའུ་རེར་ཀུང་སིའི་ཁ་གསབ་རོགས་དངུལ་སྒོར་0.5རག་གི་ཡོད།

    དབུལ་སྒྲོལ་བྱེད་བཞིན་ཡོད་པའི་རྫོང་དང་ཆུས་ཀྱིས་ཀྱང་རང་ཉིད་ཀྱི་ཁྱད་ལྡན་ཐོན་ལས་སྤུས་རྟགས་བཏོད་ཅིང་། པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་དང་། རྣམ་གླིང་རྫོང་གི་རྩྭ་འདེབས་ཐོན་ལས། ལྷུན་རྩེ་རྫོང་གི་ནས་སྨུག་ཐོན་ལས། གོ་འཇོ་རྫོང་གི་ངག་དབང་ལུག་གི་ཐོན་ལས། སྨར་ཁམས་རྫོང་གི་རྒུན་འབྲུམ་ཐོན་ལས་སོགས་2017ལོའི་ཟླ་10པའི་ཟླ་མཇུག་བར་བོད་ཀྱིས་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་100ལྷག་ཙམ་དོན་འཁྱོལ་བྱས་པས་མི་ཁྲི་5.12ཀྱི་དབུལ་སྒྲོལ་ཐད་ཀར་བཀོད་སྒྲིག་ཐུབ་ཡོད་ལ་མི་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    རྣམ་པ་གསར་པ། སྔོ་ཞིང་དྭངས་བའི་རི་ཆུར་བརྟེན་ནས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་པ།

    པ་སངས་ཆོས་སྒྲོན་གྱིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་སྡོང་ཕྲུག་རྟེན་གཞིར་ལས་ཀ་བྱས་ནས་ཟླ་བ་བདུན་བརྒྱད་སོང་བ་དང་། ལོ་མཇུག་ཏུ་ཐེངས་གཅིག་ལ་ངལ་རྩོལ་ཐོབ་ཆ་སྒོར་བདུན་སྟོང་བརྒྱད་སྟོང་ཙམ་ལེན་རྒྱུ་ཡོད་ཅིང་། དེ་སྔོན་པ་སངས་ཆོས་སྒྲོན་གྱིས་རྦད་དེ་རང་གི་ཨ་མ་དང་གཅེན་མོའི་རོགས་རམ་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། ལོ་37ལ་སླེབས་པའི་ཁོ་མོ་ད་དུང་གཉེན་སྒྲིག་བྱས་མེད་ལ་ཤེས་བྱ་དང་རྩལ་ནུས་ཞན་པོ་ཡོད། 2016ལོའི་ཟླ་8པར་པ་སངས་ཆོས་སྒྲོན་གྱིས་རྩྭ་ཐང་ལྟ་སྐུལ་བ་བྱས་ནས་རྩྭ་ར་གཙང་བཟོའི་ལས་ཀ་བྱས་པས་ལོ་རེར་ལས་གནས་ཡོང་འབབ་སྒོར་3000ལེན་རྒྱུ་ཡོད། འདི་ལོར་ཁོ་མོ་རང་ཁྱིམ་དང་བར་ཐག་ཉེ་བའི་སྡོང་ཕྲུག་རྟེན་གཞིར་བསྐྱོད་ནས་ཤིང་སོན་ལ་གཡོག་བྱེད་ཅིང་ཞག་སྡོད་རིན་མེད་རེད།

    སྔོ་ལྗང་ལྗོན་ཤིང་དང་རྩྭ་ཐང་ལས་པ་སངས་ཆོས་སྒྲོན་ཁོ་ནའི་འཚོ་བར་འགྱུར་ལྡོག་ཕྱིན་པ་མ་ཡིན་ཞིང་། སྡོང་ཕྲུག་རྟེན་གཞིའི་འགན་ཁུར་བ་བསོད་ནམས་ཚེ་རིང་གིས“ཡར་ཀླུང་གཙང་པོའི་ངོགས་སུ་ཤིང་འཛུགས་ནགས་བཟོའི་སྔོ་འགྱུར་རྣམ་གྲངས་ཡོད་པས། ཤིང་སོན་ལ་སེམས་ཁྲལ་རྩ་བ་ནས་བྱེད་དགོས་ཀྱི་མི་འདུག”ཅེས་བརྗོད་པ་དང་། ཁོང་གིས་ཚོད་དཔག་བྱས་པ་གཞིར་བཟུང་། 2018ལོར་རྟེན་གཞིའི་ཡོང་འབབ་སྒོར་ཁྲི་1000ཟིན་རྒྱུ་དང་སྔོན་དཔག་ལྟར་ན། དེ་ཁུལ་གྱི་དུད་ཚང་དབུལ་པོ་30ཡི་མི་72ལ་མི་རེར་ཆ་སྙོམས་འབབ་འཕར་སྒོར་3400ཙམ་ཡོང་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཧྭ་ཏུང་གིས་བོད་ཀྱི་ཁག་དང་པོའི་རྫོང་དང་ཆུས་ལྔ་དབུལ་སྒྲོལ་བདེ་བླག་ཐུབ་རྗེས། རྫོང་དང་ཆུས་25དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ཉེར་ཡོད། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཤིན་ཏུ་དབུལ་པོའི་རྫོང་གཞན་དག་44ལ་ཕྱོགས་རྒྱུ་ཡིན་ཞིང་། འབྱུང་འགྱུར་ལོ་འགའི་རིང་དེ་བས་མང་བའི་དུད་ཚང་དབུལ་པོ་གྲོང་ཚོ་གསར་པར་སྤོ་བ་དང་། ལས་རིགས་གསར་པ་གཉེར་བ། འཚོ་བ་གསར་པ་སྐྱེལ་བ་བཅས་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། 达次
010020070840000000000000011100001368594571