བོད་ལྗོངས།
བོད་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”བྱ་སྤྱོད་ཀྱིས་དབུལ་ཕོངས་མི་འབོར་ཁྲི་8ལྷག་ཙམ་ལ་རོགས་སྐྱོར་བྱས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་སྐྱོར་བྱེད་པའི”རྩིས་ཁྲའི་དོ་དམ་མ་ལག་ནང་བཅུག་པའི་དམངས་གཉེར་ཁེ་ལས་703ཟིན་པ་དང་། གྲོང་ཚོ་དབུལ་པོ་1049ལ་ཆ་སྒྲིག་རོགས་སྐྱོར་བྱས་པ། དབུལ་ཕོངས་མི་འབོར་82018ལ་རོགས་སྐྱོར་བྱས་པ། རྣམ་གྲངས་ཀྱི་རོགས་སྐྱོར་བསྡོམས་འབོར་མ་དངུལ་སྒོར་དུང་ཕྱུར་23.2ཟིན་པ་བཅས་རེད།

    2019ལོའི་ནང་ཚུན་དུ་བོད་ཀྱི་དབུལ་པོ་དབུལ་རྐྱང་སེལ་ཆེད། བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཧུར་ཐག་སྤེལ་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་། བྱ་སྤྱོད་ནང་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར། སྤྱི་ཕན་དབུལ་སྐྱོར། རྩལ་ནུས་དབུལ་སྐྱོར་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།

    གཞིས་རྩེ་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་རོགས་སྐྱོར་གཙོ་བོར་བཟུང་བ་དང་། ཤིན་ཏུ་དབུལ་བའི་གྲོང་ཚོ(གྲོང་ལྷན)རོགས་སྐྱོར་བྱ་ཡུལ་དུ་བྱས་ཏེ་རྒྱལ་རྩེ་རྫོང་དང་རྣམ་གླིང་རྫོང་སོགས་གཙོ་གནད་རོགས་སྐྱོར་རྫོང(ཆུས)ལ་བཟུང་ནས་ཆ་སྒྲིག་གྲོང་ཚོའི(གྲོང་ལྷན)ཐོན་ཁུངས་ལེགས་ཆ་གསར་སྤེལ་ཤུགས་ཆེན་བྱས་ཏེ། “ཁེ་ལས་+ཞིང་དུད”དང“ཁེ་ལས་+མཉམ་ལས་ཁང”སོགས་ཀྱི་བྱེད་ཐབས་བརྒྱུད་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས)10ཡི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”བྱ་སྤྱོད་དང་དེ་བཞིན་ཐོན་ལས་ཁེ་སྤོགས་བགོ་བཤའ་རྒྱག་པར་ཁྱོན་མ་དངུལ་སྒོར་ཁྲི་1549.707བཏང་ནས་དུད་ཚང་1873དང་མི་8064ལ་རོགས་སྐྱོར་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་ལིའི་ཡན་གྱིས། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་དང་དཀའ་གནད་ནི་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན་པ་དང་། བོད་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནི་ཁེ་ལས་དང་གྲོང་ཚོ་དབུལ་པོ་སྦྲེལ་མཐུད་བྱེད་པའི་འབྲེལ་ཟམ་ཡིན་པའི་ངོས་ནས་ཁེ་ལས་མི་ཉུང་བ་ཞིག་གིས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ལེགས་སྐྱེས་འབུལ་བར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386735961