བོད་ལྗོངས།
བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་17བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་པ།

    “གྲོང་ཚོའི་དུད་ཚང་ཚང་མས་ཁྱིམ་སྤྱོད་གློག་ཆས་ཉོས་ཡོད་པ་དང་། དུད་ཚང་ཁག་གཅིག་གིས་སྡོད་ཁང་གསར་པ་བརྒྱབ་པ་དང་ཁག་གཅིག་གིས་རླངས་འཁོར་གསར་པ་ཉོས་པ་སོགས་བྱས་ཡོད། ཡོང་འབབ་ཡག་པོ་ཡོད་པས་འཛད་སྤྱོད་བྱེད་སྐབས་བློ་བདེ་པོ་ཞིག་འདུག”ཅེས་ཚོགས་ར་ནས་དོན་མ་ཐག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོའི་ཡུལ་མི་གཡུ་སྒྲོན་གྱིས་གསར་འགོད་པར་གྲོང་ཚོའི་འགྱུར་ལྡོག་གསར་པ་གླེང་བ་རེད།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་ནས་ཤེས་རྟོགས་བྱུང་བར། 2019ལོར་བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%འཕར་ནས་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་བྱས་པ་དང་ལོ་17བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད། 2019ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1600ལས་བརྒལ་བ་དང་འཕར་ཚད་9%ཟིན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    “2019ལོར་ང་དང་བཟའ་ཟླས་རྒུན་འབྲུམ་མུའུ་10དང་ཁ་ཆེ་ཤ་སྐམ་མུའུ་5བཏབ་པར་ལོ་ལེགས་བྱུང་སྟེ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་11བྱུང་། དཔྱིད་གསར་དུས་ཆེན་གོང་ལྷག་མ་རྣམས་ཚང་མ་བཙོངས་ཟིན་ཚེ་ལོའི་ཡོང་འབབ་སྒོར་ཁྲི་14ལས་བརྒལ་གྱི་འདུག ང་ཚོས་རོགས་སྐྱོར་བྱས་པའི་དུད་ཚང་དབུལ་པོ་10ལྷག་ཙམ་དེ་དག་ཀྱང་ཚང་མ་དབུལ་སྒྲོལ་ཐུབ་ཡོད”ཅེས་གཡུ་སྒྲོན་གྱིས་གསར་འགོད་པར་བཤད། བོད་ཤར་རྒྱུད་ཀྱི་རི་ཁུལ་དུ་གནས་པའི་འཇང་གྲོང་ཚོའི་དུད་ཚང་284ཡི་མི་1360ལ་2019ལོར་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་1.28བྱུང་ནས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་སྟེ་ཚང་མས་ཉིན་མཚན་ཀུན་ཏུ་རེ་སྒུག་བྱེད་པའི“གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ”དངོས་འབྲེལ་མངོན་འགྱུར་བྱུང་ཡོད་པ་རེད།

    ཉེ་བའི་ལོ་ཤས་ནང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་པ་རེད། ཞིང་འབྲོག་པས་བོད་ཀྱི་མི་འབོར་བསྡོམས་འབོར་གྱི་བཅུ་ཆ་བདུན་ཡན་བཟུང་བ་དང་ཞིང་འབྲོག་པར་འབབ་འཕར་མྱུར་པོ་བྱུང་ནས་བོད་ཀྱི་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་སེལ་བར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད། འབྲི་གཡག་དང་། ནས། གཏེར་ཆུ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོས་རྫས་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ས་གནས་ཁག་གིས་ཐོན་ཁུངས་ལ་བརྟེན་ནས་ཡུལ་བབ་དང་བསྟུན་ཏེ“རྫོང་རེར་སྣ་ཁ་རེ”དང“གྲོང་ཚོ་རེར་མཉམ་ལས་ཁང་རེ”ཡོང་བ་བྱས་ཡོད། འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་འཛུགས་སྐྲུན་ཐད་ཕན་འབྲས་རགས་ཙམ་ཐོབ་པ་དང་ཐོན་ལས་འཕེལ་རྒྱས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཡོང་ཁུངས་གཙོ་བོ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386933241