བོད་ལྗོངས།
ཐམས་ཅད་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་ཡིན།

    —— རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོང་སྡོད་ལས་དོན་གྱི་ཟུར་བྲིས།

    འདི་ནི་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བསྟར་བརྒྱུད་ཤང་ཤྭ་རུ་གྲོང་ཚོར་བཅའ་སྡོད་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་རུ་ཁག་གིས་རོགས་སྐྲུན་བྱས་པའི་སྔོ་ཚལ་དྲོད་ཁང་ཡིན་པ།

    2019ལོའི་ཟླ་དང་པོར་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བསྟར་བརྒྱུད་ཤང་ཤྭ་རུ་གྲོང་ཚོར་བཅའ་སྡོད་བྱས་ཚུན། གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིའི་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ནས་བཅའ་སྡོད་གྲོང་ཚོར་རོགས་སྐྱོར་བྱ་རྒྱུ་དེ་རང་ངོས་ལ་སྦྱོང་བརྡར་སྤྲོས་པའི་ཐབས་ལམ་གལ་ཆེན་དུ་བརྩིས་ཏེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་ནས་གྲོང་སྡོད་ལས་དོན་གྱི་དངོས་ཕན་རང་བཞིན་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པ་རེད།

    བཅའ་སྡོད་བྱས་རྗེས། ལས་དོན་རུ་ཁག་གིས་ཁག་གོང་མའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་ཨང་དང་པོས་ངོ་སྤྲོད་བྱས་པའི་གྲོང་ཚོའི་གཞི་རྩའི་གནས་ཚུལ་ལ་སྣང་ཆེན་གྱི་རྨང་གཞིའི་ཐོག་དུད་ཚང་ཁག་ལ་གཅིག་སྡུད་བརྟག་དཔྱད་ཐེངས་3བྱས་ཏེ་ཤྭ་རུ་གྲོང་ཚོའི་རང་བྱུང་གྲོང་ཚོ་གཉིས་ཀྱི་དུད་ཚང་92ལ་བསྐྱོད་པ་དང་དུད་ཚང་རེའི་མི་འབོར་དང་། ངལ་རྩོལ་རྩལ་ནུས། ཡོང་འབབ་བཅས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་སྔར་ཡོད་ཀྱི་རྩིས་ཁྲ་འཐུས་སྒོ་ཚང་དུ་བཏང་བ་རེད།

    དབུལ་སྐྱོར་གྱི་བསམ་ཕྱོགས་གཏན་འཁེལ་བྱས་པའི་རྨང་གཞིའི་ཐོག་ལས་དོན་རུ་ཁག་གིས་ཆུ་ཡུར་ཉམས་བཟོ་དང་ཤིང་འཛུགས་ནགས་བཟོ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེཌ་སུ་བཏང་སྟེ་ཞིང་འབྲོག་ལས་གྱི་ཐོན་སྐྱེད་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། དེའི་ཁྲོད་ཆུ་ཡུར་བཟོ་བའི་རྣམ་གྲངས་བསྐྲུན་རྗེས། གྲོང་ཚོ་དེའི་མུའུ་660ཡི་རྨོ་ཞིང་ལ་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་ས་གནས་དེ་གའི་ཞིང་ནང་སྐྱེ་དངོས་ཀྱི་ཐོན་འབབ་མང་དུ་ཕྱིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387059091