བོད་ལྗོངས།
བོད་ཀྱིས་ཚད་གཞི་མཐོ་བའི་སྒོ་ནས་རིམ་སྤར“འབྲུ་མཛོད”གཏོད་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གནམ་གཤིས་དྲོ་རུ་ཕྱིན་ཡང་ད་དུང་གྲང་ངད་ལྡན་པའི་སྐབས་འདིར་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་དུ་དཔྱིད་རྨོད་ལས་ལ་བྲེལ་བའི་རྣམ་པ་ཞིག་མངོན། ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུས་དང་རྒྱལ་རྩེ་རྫོང་། པ་སྣམ་རྫོང་སོགས་སུ་རྐོ་འདྲུའི་འཕྲུལ་འཁོར་དང་ས་འཕུལ་འཕྲུལ་འཁོར། རང་འབེབས་རླངས་འཁོར་སོགས་འཕྲུལ་ཆས་ཀྱི་སྒྲས་ས་མཐོའི་འཇམ་ཐིང་ཐིང་གི་ཞིང་ཁའི་རྣམ་པ་བརྟོལ་ནས་ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་པའི་ཚ་རླབས་ཤིག་འཕྱུར་ཡོད།

(图文互动)(1)西藏高标准打造升级版“粮仓”

    གནས་སྤོས་ས་རྒྱུ་ལེགས་སུ་བཏང་བའི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ། (ཟླ་3ཚེས་8ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    གཞིས་རྩེའི་འབྲུ་རིགས་ཐོན་འབབ་ཀྱིས་ལྗོངས་ཡོངས་ཀྱི་བརྒྱ་ཆ་40ཙམ་ཟིན་པས་བོད་ཀྱི“འབྲུ་མཛོད”ཅེས་འབོད་ཀྱི་ཡོད།

    ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་རྒྱལ་རྩེ་རྫོང་མཁར་སྨད་ཤང་དུ་ཡར་ཀླུང་གཙང་པོ་དང་དེའི་ཡན་ལག་ཆུ་བོ་ཡིན་པའི་མྱང་ཆུའི་འགྲམ་ངོགས་ཀྱི་ཡུག་ཏུ་འབྲེལ་བའི་རྨོ་ཞིང་དག་ཁོད་སྙོམས་པོར་གནས། ལོ་46ལ་སླེབས་པའི་རྒྱ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་ཕུན་གྱིས་ཁོད་སྙོམས་པ་དང་གནས་སྤོས་ས་རྒྱུ་ལེགས་སུ་བཏང་བའི་ཞིང་ཁའི་ཕྱོགས་སུ་ལྟ་ཞིང་སེམས་ནང་རེ་བས་ཁེངས།

(图文互动)(2)西藏高标准打造升级版“粮仓”

    གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་ཞིང་པས་ཞིང་ཁར་ཆུ་འདྲེན་ཏེ་ནས་འདེབས་པའི་གྲ་སྒྲིག་བྱེད་པ། (ཟླ་3ཚེས་8ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    “ཉེ་འཁོར་གྱི་གྲོང་ཚོར་ན་ནིང་ཚད་གཞི་མཐོ་བའི་ཞིང་ཁ་འདེབས་པ་མཐོང་སྐབས་སེམས་ཁྲལ་ཆེན་པོ་བྱུང་། འདི་ལོ་ང་ཚོའི་གྲོང་ཚོར་སྐྲུན་འགོ་ཚུགས་སོང་། འདི་ལོ་གྲོང་ཚོ་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་2900བསྐྲུན་རྒྱུ་དང་། ཟླ་2ཚེས་9ཉིན་ནས་ལས་འགོ་ཚུགས་ཤིང་སྔོན་དཔག་བྱས་ན་ཟླ་3པའི་ཟླ་མཇུག་སྐབས་ལས་མཇུག་འགྲིལ་རྒྱུ་རེད”ཅེས་ཟླ་ཕུན་གྱིས་བརྗོད་པ་དང་། ཁོང་གིས་ང་ཚོས་རི་ལྡེབས་ཀྱི་ས་དུམ་བུ་དང་། ཆུ་འདྲེན་མི་བདེ་ལ་མི་འགྲོ་མི་བདེ་བའི་ཞིང་ཁ་ནས་ས་རྒྱུ་དབོར་ཏེ་ཚད་གཞི་མཐོ་བའི་ཞིང་ཁར་སྤྱོད་པའི་ཐོག་ནས་ས་མཐུག་ཏུ་བཏང་ཡོད་ཅེས་བརྗོད།

    རྒྱ་སྨད་གྲོང་ཚོའི་ཐག་མི་རིང་བའི་སར་གནས་པའི་རྒྱལ་རྩེ་རྫོང་འབྲོང་རྩེ་ཤང་གཡུལ་སྡོད་གྲོང་ཚོར་ཞིང་འགྲམ་དུ་བཙུགས་པའི་ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་པའི་བྱང་བུའི་ཐོག་སྤྱིའི་གཞི་ཁྱོན་མུའུ་ཁྲི་0.8དང་དུད་ཚང་315ཞེས་བྲིས་ཡོད། ནང་དོན་ཁྲོད་ཞིང་ལས་ཐད་ས་ཞིང་མུའུ་756དང་འཕྲུལ་ཆས་ཀྱི་རྨོ་སློག་ཞིང་ཁ་མུའུ་8000 ཞིང་ཁའི་བར་གྱི་འགྲོ་ལམ་5ཡི་སྤྱིའི་རིང་ཚད་སྤྱི་ལེ་5.9 ཆུ་བེད་ཐད་ཆུ་འདྲེན་ཡུར་བུ་7གྱི་རིང་ཚད་ལ་སྤྱི་ལེ་10.2དང་ཡན་ལག་ཆུ་ཡུར་13གྱི་རིང་ཚད་ལ་སྤྱི་ལེ་12 ནགས་ལས་ཐད་ཞིང་ཁའི་ནགས་ཤིང་སྡོང་པོ་3065འདེབས་པ་བཅས་ཀྱི་བྱེད་ཐབས་མངོན།

(图文互动)(3)西藏高标准打造升级版“粮仓”

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་སྣར་ཐང་གྲོང་ཚོར་འཕྲུལ་ཆས་ཀྱིས་ས་ཞིང་ཁོད་སྙོམས་བཟོས་ནས་ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་པ། (ཟླ་3ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    “ཕ་གིའི་ཞིང་ཁ་དེ་ལོ་བཅུ་ཕྲག་ཁ་ཤས་བཏབ་པ་དང་སྐབས་འགར་ཞིང་སྤྱོད་འཁོར་གསུམ་འཕྲུལ་འཁོར་བཏང་ནས་རི་ལྡེབས་སུ་སོན་འདེབས་བྱེད་སྐབས་འཕྲུལ་འཁོར་མགོ་རྟིང་ལོག་འགྲོ་ཡི་ཡོད། དེ་སྔོན་ས་ཕག་གི་ཆུ་ཡུར་ལ་རྟག་ཏུ་ཆུ་འཛག་པ་དང་ད་ཆའི་ཨར་འདམ་ལྕགས་རྩིབས་ཀྱི་ཆུ་ཡུར་ལ་ཆུ་དཀོན་པའི་སེམས་ཁྲལ་གཏན་ནས་བྱེད་དགོས་མེད”ཅེས་ཉེ་ཆར་ཆུ་ཡུར་ནང་གི་ཡལ་ག་སྐམ་པོ་དང་ལོ་མ་སྐམ་པོ་གཙང་སེལ་བྱས་ནས་ཟླ་བ་རྗེས་མར་ཞིང་ཁ་འདེབས་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པའི་ལོ་46ལ་སླེབས་པའི་གཡུལ་སྡོད་གྲོང་ཚོའི་གྲོང་མི་རྣམ་རྒྱལ་གྱིས་བརྗོད།

    “དེ་སྔ་ས་དབྱིབས་གང་བྱུང་ཡིན་པས་འཕྲུལ་ཆས་ཅན་གྱི་རྨོ་འདེབས་བྱེད་པར་སྟབས་མི་བདེ་བ་དང་། རྨོ་ཞིང་གི་ས་མཐུག་པོ་མེད་པས་སྤྱི་ཡོངས་ལ་རྫས་ལུད་ཐེབས་ཚད་འདང་གི་མེད”ཅེས་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་འགན་འཁུར་བས་བརྗོད་པ་དང་། ཁོང་གིས་གཞིས་རྩེ་གྲོང་ཁྱེར་གྱིས་ད་རེས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་21བསྐྲུན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.18བཏང་བ་དང་མིག་སྔའི་བར་30%ལེགས་གྲུབ་ཟིན་ཡོད། མ་ཟད་ཆུ་བེད་དང་ནགས་ལས། ཚན་རྩལ། ཞིང་ཁའི་འགྲོ་ལམ་བཅས་བྱེད་ཐབས་ཆེན་པོ་བཞི་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ས་མཐོའི་དེང་རབས་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།

(图文互动)(4)西藏高标准打造升级版“粮仓”

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་འཕྲུལ་ཆས་ཀྱིས་གནས་སྤོས་ས་རྒྱུ་ལེགས་སུ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་པ། (ཟླ་3ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    རྣམ་རྒྱལ་གྱིས་ན་ནིང་ཚད་གཞི་མཐོ་བའི་ཞིང་ཁ་ཐེངས་དང་པོར་བཏབ་པ་དང་ངལ་རྩོལ་བྱེད་པའི་དུས་ཚོད་དང་མ་གནས་གཉིས་ཀ་ཉུང་དུ་ཆེས་ཆེར་ཕྱིན་ཡོད། “དེ་སྔ་རྨོ་འདེབས་དང་བརྔ་བསྡུ་བྱེད་པར་ཉུང་མཐར་ཡང་ཉིན་15དགོས་པ་དང་ད་ཆ་ཉིན་གསུམ་ལས་མི་དགོས། འཕྲུལ་འཁོར་གྱི་རྨོ་འདེབས་ལམ་བུ་བཟོས་པས་ལས་ཀ་བྱེད་སྐབས་སྟབས་བདེ་ཞིང་། ཞིང་ཁའི་ནང་ལས་ཀ་བྱས་ན་འགྲིག་པ་ལས་ཡར་རྒྱུག་མར་རྒྱུག་བྱེད་དགོས་མི་འདུག”ཅེས་རྣམ་རྒྱལ་གྱིས་བརྗོད།

    གཞིས་རྩེའི་ཡུག་འབྲེལ་གྱི་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་ཁུལ་དུ་འབྲུ་རིགས་ཐོན་སྐྱེད་ཐད་གཙོ་བོ་མི་ཤུགས་དང་ཕྱུགས་རིགས་ལ་བརྟེན་པ་ནས་གཙོ་བོ་འཕྲུལ་ཆས་ཀྱི་སྒུལ་ཤུགས་ལ་བརྟེན་པའི་བར་འགྱུར་ལྡོག་བྱུང་བས་དེང་རབས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད།

(图文互动)(5)西藏高标准打造升级版“粮仓”

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གྲོང་གི་འདབས་སུ་འཕྲུལ་ཆས་ཀྱིས་གནས་སྤོས་ས་རྒྱུ་ལེགས་སུ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་པ། (ཟླ་3ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཚོད་རྩིས་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་བསྐྲུན་ཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁ་ཚང་མ་ཞིང་འཕྲུལ་ཅན་དུ་གྱུར་ནས་ཆ་སྙོམས་མུའུ་རེར་ཉུང་མཐར་ཡང་ལས་ཐུན་ཉིན་2ཐུང་དུ་ཕྱིན་པ་དང་ལས་ཐུན་ཉིན་རེར་སྒོར་160ནས་སྒོར་200བར་གྲོན་ཆུང་ཐུབ་ཀྱི་ཡོད། མུའུ་རེར་ས་བོན་སྤྱི་རྒྱ་13གྲོན་ཆུང་ཐུབ་པས་ཆ་སྙོམས་བྱས་ན་མ་གནས་སྒོར་45གྲོན་ཆུང་ཐུབ་ཀྱི་ཡོད། གཡུལ་སྡོད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་རྡོར་གྱིས“ཐད་ཀའི་མངོན་ཚུལ་ནི་ཐོན་ཚད་མཐོ་རུ་ཕྱིན་ཞིང་མུའུ་རེ་ནས་སྤྱི་རྒྱ་20ཡས་མས་མཐོ་རུ་ཕྱིན་ཡོད། དེ་ལས་གལ་ཆེ་བ་ཞིག་ནི་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་བཏང་བ་དེ་ཡིན་ཞིང་དུས་ཚོད་ཕྱེད་ཀ་གྲོན་ཆུང་ཐུབ་པས་ཕྱིར་ཞོར་ལས་ལ་ལ་འགྲོ་རྒྱུ་ཡོད”ཅེས་བརྗོད།

(图文互动)(6)西藏高标准打造升级版“粮仓”

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་སྣར་ཐང་གྲོང་ཚོར་འཕྲུལ་ཆས་ཀྱིས་ས་ཞིང་ཁོད་སྙོམས་བཟོས་ནས་ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་པ། (ཟླ་3ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཚད་གཞི་མཐོ་བའི་ཞིང་ཁ་སྐྲུན་རིང་གཞིས་རྩེ་གྲོང་ཁྱེར་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་ཚད་གཞི་མཐོ་བར་ཁ་ཕྱོགས་པ་དང་དེང་རབས་ཞིང་ལས་བརྩོན་ལེན་གང་ཐུབ་བྱེད། གསར་འགོད་པས་གཞིས་རྩེའི་བསམ་གྲུབ་རྩེ་ཆུས་སུ་ཟླ་2པའི་ཟླ་དཀྱིལ་ནས་བཟུང་ལས་འགོ་ཚུགས་པའི་འཕྲུལ་ཆས་བརྒྱ་ལྷག་ཙམ་བྲེལ་འཚུབ་ངང་ལས་ཀ་བྱེད་པ་མཐོང་བྱུང་། “སྙོམས་སྒྲིག་བྱས་པའི་ཡུག་འབྲེལ་ཞིང་ཁ་ཞིང་དུད་ལ་བགོས་པ་དང་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་རྨོ་འདེབས་བྱས་པས་ཞིང་འབྲོག་པ་དེ་བས་མང་བ་དང་ལྷག་པར་དུ་དབུལ་པོའི་དུད་ཚང་ཁག་ཞིང་ཁ་ནས་བཅིངས་འགྲོལ་ཐོབ་སྟེ་ཕྱིར་གླ་པར་བསྐྱོད་ནས་ཡོང་འབབ་གསོག་ཏུ་འགྲོ་རྒྱུ་བྱུང་ཡོད”ཅེས་པད་གཞུང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་བརྗོད།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། 2019ལོར་ལྗོངས་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་70བསྐྲུན་པ་དང་འདི་ལོ་མུའུ་ཁྲི་75བསྐྲུན་རྒྱུ་རེད། འདི་ལོ་ནས་ཀྱི་འདེབས་ཁྱོན་མུའུ་ཁྲི་210ཡན་བརྟན་པོ་ཡོང་བ་བྱས་ནས་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ཡན་བརྟན་པོ་ཡོང་བའི་བརྩོན་ལེན་བྱ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001388702881