བོད་ལྗོངས།
བློ་རྩ་བརྟན་པོ་དང་འཚོ་བ་གསར་པ།

    —— བོད་ཀྱི་ཞིང་བྲན་ལམ་ལུགས་བརྒྱུད་མྱོང་མཁན་གྱི་མྱོང་ཚོར།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་28ཉིན་འབྱོར་པའི་གློག་འཕྲིན་གཞིར་བཟུང་།

    རྩམ་པ་ཟ་མཁན་གཅིག་པ་ཡིན་ཡང་། གནས་བབ་དང་སེམས་པ་མི་འདྲ་བ།

    1959ལོའི་ཟླ་3ཚེས་28ཉིན་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། དུས་དེ་ནས་བཟུང་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས། མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་སྦྲགས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར།

    ལོ་61གོང་། སྤྱི་ཚོགས་ཀྱི་ལམ་ལུགས་ལ་སྒྱུར་བཅོས་བྱས་པ་དེས་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་མི་ཚེའི་ལས་དབང་ལ་འགྱུར་ལྡོག་བྱུང་ཞིང་། ལོ་བཅུ་ཕྲག་ཁ་ཤས་འཕེལ་རྒྱས་ཕྱིན་པ་བརྒྱུད། ཁོང་ཚོའི་འཚོ་བ་ཉིན་བཞིན་ཇེ་ལེགས་དང་བདེ་སྐྱིད་ལྡན་པར་གྱུར་ཡོད།

    ཟླ་3པར། རི་མ་ལྡེབས་སུ་གནས་པའི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། ཞིང་ནང་དུ་ཞིང་པ་རྣམས་ས་ཞིང་རྨོ་བཞིན་ཡོད་པ་དང་། ལམ་ཟུར་དུ་ལུག་ཁྱུ་དང་ཁྱུ་བྱས་ནས་འགྲོ་བཞིན་ཡོད་པས། གང་སར་དཔྱིད་ཀྱི་ཉམས་འགྱུར་གྱིས་ཁེངས་འདུག

    ལོ་66ལ་སླེབས་པའི་བགྲེས་སོང་པད་མས་ཇ་སྲུབས་མ་འཐུང་ཞོར་དུ་རང་གི་ཡང་ཚ་གཉིད་སྒུག་བཞིན་ཡོད་པ་དང་། ཚ་བོ་དང་ཚ་མོས་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་ལྟ་ཀློག་བྱེད་བཞིན་འདུག ཁོ་ཚོ་མཐོང་སྐབས། བགྲེས་སོང་པད་མ་རང་ཉིད་ཆུང་བྱིས་པའི་དུས་ཀྱི་གནས་ཚུལ་རང་ཤུགས་སུ་བློ་ངོར་འཆར།

    ཁོང་གིས“ཕ་མ་གཉིས་ཀ་ཆ་ལུ་གཞིས་ཀའི་ཞིང་བྲན་རེད། ཕ་མ་གཉིས་ཀྱིས་ཕྲུ་གུ་ལྔ་གསོ་དགོས་པ་དང་། ཁོང་གཉིས་ལ་ཉིན་གཅིག་ལ་རྩམ་པ་ཐུར་མ་རེ་གཉིས་ལས་རག་གི་མེད”ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།

    པད་མས“དེ་སྔ་ཕ་མ་གཉིས་ཀྱིས་དཀའ་ལས་ཚད་མེད་བརྒྱབ་ཀྱང་ནང་མི་རྣམས་ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་མེད། ད་ཆ་ཁྱིམ་ལ་རྩམ་པ་སོགས་འབྲུ་རིགས་རྫོགས་རྒྱུ་མེད་པ་ཡོད”ཅེས་བརྗོད། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱེད་སྐབས། པད་མའི་ཁྱིམ་ལ་ས་ཞིང་མུའུ་11བགོ་བཤའ་ཐོབ་པ་དང་། དེ་ནས་བཟུང་ཉིན་ལྟར་ལྟོ་དུས་གསུམ་ཟ་རྒྱུ་བྱུང་ཡོད། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གྲོང་ལྷོ་ནུབ་ཀྱི་སྤྱི་ལེ་4ཡི་སར་གནས་པའི་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་ཕ་ལྷ་གཞིས་ཀ་ཆགས་པ་དང་། སྤྱི་མིང་ལ་ཕ་ཇོ་ལྷ་ཁང་ཟེར་བ་དང་། དེ་ནི་བོད་རྙིང་པའི་སྐུ་དྲག་གཞིས་ཀ་ཆེ་གྲས་བཅུ་གཉིས་ཀྱི་གྲས་ཤིག་ཡིན་ལ། མིག་སྔར་ཉར་ཚགས་ཆ་ཚང་ཤོས་ཀྱི་བོད་རྙིང་པའི་སྐུ་དྲག་གི་གཞིས་ཀ་ཞིག་རེད། ལོ་68ལ་སླེབས་པའི་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་ཡུལ་མི་སྟོབས་རྒྱལ་རྩམ་པར་དམིགས་བསལ་གྱི་བརྩེ་སེམས་ཤིག་ཡོད་པ་རེད།

    སྟོབས་རྒྱལ་གྱི་ཁྱིམ་པད་མའི་ཁྱིམ་ལས་འཁོས་ཀ་ཅུང་ཡག་པ་ཡོད་པ་དང་། ཁོང་གི་ཕ་མ་དང་སྤོ་བོ་ནི་ཕ་ལྷ་གཞིས་ཀའི་ཁྲལ་པ་ཡིན་པས། གཞིས་ཀ་ནས་ས་ཞིང་བོགས་མར་བླངས་ནས་རྨོ་འདེབས་བྱེད་པ་དང་། ལོ་མཇུག་ཏུ་འབྲུ་རིགས་དང་རྒྱུ་དངུལ་ངེས་ཅན་བསྐྱལ་ན་འགྲིག་གི་ཡོད་པ་རེད།

    “སྔོན་ཆད་ལོ་ཏོག་འདེབས་སྐབས་ཞིང་བྲན་བདག་པོར་ཁྲལ་འཇལ་དགོས་པ་དང་། ད་ལྟ་ལོ་ཏོག་འདེབས་སྐབས། སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད”ཅེས་སྟོབས་རྒྱལ་གྱིས་བརྗོད།

    ལག་ཤེས་བཟོ་རྩལ་གཅིག་པ་ཡིན་རུང་། ད་ཆ་མཉམ་དུ་ཕྱུག་པོ་ཆགས་པ།

    སྔོན་ཆད། པད་མའི་པ་ཕས་ལོ་ལྟར་བོང་བུ་དེད་དེ་ཀྲུང་ནེའི་མཐའ་མཚམས་ནས་གཞིས་ཀར་འཚོ་བའི་དངོས་ཟོག་དབོར་བ་དང་། ཨ་མས་ཁ་གདན་འཐག་པ་སོགས་ཀྱི་ལག་ཤེས་བཟོ་ལས་བྱས་ནས་ལོ་དང་ཟླ་བ་མང་པོ་དཀའ་ལས་ག་ཚོད་བརྒྱབ་རུང་། ཁོང་ཚོའི་དབུལ་ཞིང་ཕོངས་པའི་འཚོ་བར་འགྱུར་ལྡོག་ཕྱིན་མེད།

    ད་ཆ། བཟང་པ་གྲོང་ཚོར་ཁ་གདན་དང་སྣམ་བུ་འཐག་སའི་མཉམ་ལས་ཁང་བཙུགས་ཡོད་པ་འདི་ནི་པད་མའི་བུ་མོ་སྒྲོལ་དཀར་གྱིས་གཉེར་བ་ཞིག་རེད། ལོ་47ལ་སླེབས་པའི་སྒྲོལ་དཀར་ལོ་མང་ས་ཆ་གང་སར་སྐྱོད་མྱོང་བ་དང་། ད་ཆ་ཁོང་གི་ཚོང་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད།

    2007ལོར། སྒྲོལ་དཀར་གྱིས་གྲོང་ཚོའི་མི་2འཁྲིད་དེ་གཞིས་རྩེ་གྲོང་ཁྱེར་དུ་ཚོང་ཁང་ཞིག་བོགས་མར་བླངས་ཤིང་། དེའི་ནང་རང་ཉིད་ཀྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཁ་གདན་བཏགས་ནས་ཕྱིར་ཚོང་བྱས་པས་བྲིན་ཁ་རྒྱུག་པོ་བྱུང་ཞིང་། སྒྲོལ་དཀར་གྱིས“ཚོང་གཉེར་གྱི་ཉམས་མྱོང་བསགས་པ་བརྒྱུད། 2015ལོར་གྲོང་ཚོར་ལོག་ནས་ལས་རོགས་གཉིས་དང་མཉམ་དུ་འཁལ་འཐག་ལས་ཀ་བྱས་པ་ཡིན། ཕྱོགས་གཅིག་ནས་རྒན་རྒོན་གཉིས་དང་ཕྲུ་གུར་ལྟ་རྟོག་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ཡུལ་མི་ཚོར་ཡོང་འབབ་གསོག་པའི་ལས་ཀ་ཞིག་སྤྲོད་ཐུབ་ཀྱི་འདུག”ཅེས་བརྗོད། 2019ལོར་སྲིད་གཞུང་གིས་སྒོར་ཁྲི་30ཡི་རོགས་སྐྱོར་མ་དངུལ་སྤྲད་པ། དེ་སྒྲོལ་དཀར་གྱི་ངོས་ནས་བརྗོད་ན་ཡང་རྩེའི་སྒང་ལ་ཡས་སྒྲོན་རང་རེད། ཁོང་ཚོས་དངུལ་འདི་དག་གྲོང་ཚོ་མཉམ་སྡེབ་ཀྱི་མ་འཇོག་དང་མ་རྐང་བྱས་ནས་མཉམ་ལས་ཁང་ཞིག་བཙུགས་པ་དང་ལོ་ལྟར་ཡུལ་མིར་ཁེ་སྤོགས་བགོ་བཤའ་རྒྱག་ཅིང་། སྒྲོལ་དཀར་གྱིས“ད་ཆ་མི་65མཉམ་ལས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། དེའི་ནང་མི་32ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རེད། ཁོང་ཚོར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད”ཅེས་སྤོབས་སེམས་ཆེན་པོས་བརྗོད།

    ལང་ཚོའི་དུས་སྐབས་གཅིག་པ་ཡིན་རུང་། ཁང་པ་དང་སློབ་གསོའི་ཆ་རྐྱེན་གནམ་ས་ལྟ་བུར་འཛོལ།

    ལོ་90ལ་སླེབས་པའི་སྤེན་པ་མཚམས་གཅོད་བོད་རྙིང་པར་དཀའ་སྡུག་ཧ་ཅང་ཆེ་བའི་འཚོ་བ་བརྒྱུད་མྱོང་ཡོད་ཅིང་། སྤེན་པ་མཚམས་གཅོད་ཀྱི་ཚ་བོ་རྣམ་རྒྱལ་གྱིས“རྨོ་བོ་ལགས་ཀྱིས་རྟག་ཏུ་ང་ཚོར་སྔར་སོང་གི་དཀའ་སྡུག་ཆེ་བའི་འཚོ་བའི་སྐོར་གླེང་ནས་ད་ཆའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད”ཅེས་བརྗོད།

    ཁྱིམ་དུ་བུ་ཚས་ཁེངས་པ་དང་མི་རབས་བཞི་འཛོམས་ཡིན་པའི་སྤེན་པ་མཚམས་གཅོད་ད་ཆ་གང་ཅིའི་ཐད་སེམས་ཁྲལ་དང་དཀའ་ངལ་གང་ཡང་མེད་ཅིང་། ཁོང་གིས“ངས་ལོ་མང་པོ་ཚེ་རིང་རྒན་རྒོན་གྱི་བདེ་ཐང་ཁ་གསབ་རོགས་དངུལ་བླངས་པ་ཡིན། འདི་ལོ་ང་རང་ལོ་90ལ་སླེབས་པ་དང་ལོ་རེར་ཁ་གསབ་རོགས་དངུལ་སྒོར་500ལེན་རྒྱུ་ཡོད། ད་ཆ། རྒན་རྒོན་ལ་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཧ་ཅང་ཡག་པོ་འདུག་པས། ང་རང་ད་དུང་ལོ་མང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་འདོད་འདུག”ཅེས་བརྗོད།

    སྤེན་པ་མཚམས་གཅོད་ཀྱིས“སྔོན་ཆད། ང་ཚོའི་ནང་མི་མི་ཕྱུགས་མཉམ་སྡོད་བྱེད་དགོས་ཀྱི་ཡོད། ད་ཆ་ཐོག་སོ་གཉིས་ལྡན་གྱི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་བསམ་ཡུལ་ལས་འདས་སོང་། 2012ལོར་སྲིད་གཞུང་གིས་བདེ་སྡོད་ལས་གྲྭ་བསྐྲུན་པ་བརྒྱུད་ང་ཚོ་ནང་མི་ཁང་པ་གསར་པར་སྡོད་རྒྱུ་བྱུང”ཞེས་བརྗོད།

    རང་གི་ཨ་ཅག་གི་སྐོར་གླེང་སྐབས། སྤེན་པ་མཚམས་གཅོད་ཀྱིས་ངའི་ཨ་ཅག་ལོ་13སྐབས་གཟུགས་པོ་དང་གདོང་ལ་སིབ་བིའི་ནད་ཕོག་ནས་ཟ་འཕྲུག་ཚད་མེད་ལངས་པའི་རྐྱེན་གྱིས་ཐག་པས་བསྡམས་རྒྱུ་ལས་ཐབས་གཞན་མེད། མཐའ་མ་ནད་ཀྱིས་མནར་ནས་གྲོངས་སོང་ཞེས་བརྗོད་པ་དང་། འོན་ཀྱང་སྤེན་པ་མཚམས་གཅོད་2009ལོར་གྲོད་ཁོག་བཤལ་ནས་སྨན་ཁང་དུ་བསྡད་པ་ཕུད། ཉེ་བའི་ལོ་10ཡི་ནང་སྤྱིར་ན་ན་མྱོང་མེད་པ་རེད།

    སྤེན་པ་མཚམས་གཅོད་ཀྱིས་སྨན་བཅོས་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་ཕུད། སློབ་གསོའི་ཁོར་ཡུག་ལའང་འགྱུར་ལྡོག་ཕྱིན་ཞིང་། དུས་རབས་འཕེལ་རྒྱས་ཕྱིན་པས་སློབ་གསོའི་ཁོར་ཡུག་ཀྱང་ཉིན་རེ་ལས་ཉིན་རེ་མ་འདས་པར་ཇེ་ལེགས་སུ་འགྲོ་བཞིན་འདུག་ཅེས་གསར་འགོད་པར་བརྗོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389339411