བོད་ལྗོངས།
སྡིངས་ཁ་གྲོང་ཚོར་དཔྱིད་དཔལ་རབ་ཏུ་བཞད། མང་ཚོགས་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ།

    —— ཡར་ལངས་ཞིང་བྲན་རྒད་པོ་བག་གྲོས་བརྗོད་པའི་ལོ་བརྒྱར་སླེབས་པའི་སྐྱེས་སྐར་གྱི་སྨོན་འདུན་ཉན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་26ཉིན་འབྱོར་པའི་གློག་འཕྲིན་གཞིར་བཟུང་། གངས་ལྗོངས་ས་མཐོའི་ལྟེ་བར་གནས་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྡིངས་ཁ་གྲོང་ཚོར་དཔྱིད་དཔལ་རབ་ཏུ་བཞད། བོད་ཀྱི་ལོ་ན་མཐོ་ཤོས་ཀྱི་རྒད་པོའི་གྲས་ཤིག་ཡིན་པ་དང་། གཉའ་གནོན་དང་བཤུ་གཞོག་མྱངས་མྱོང་བའི་བྲན་གཡོག་ནས་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་མཁན་བག་གྲོས་ངོ་མཚར་ཆེ་བའི་ས་གཞི་དེའི་ཐོག་ལོ་བརྒྱའི་རིང་གི་འཕོ་འགྱུར་བདེན་དཔང་བྱེད་ཀྱི་ཡོད།

    ཁྲལ་འུ་ལག་གྲངས་ལས་འདས་པ་ནས་ཁ་གསབ་མང་པོ་ལེན་རྒྱུ་ཡོད་པའི་བར།

    རྒད་པོ་བག་གྲོའི་ཁྱིམ་གྲོང་ཚོའི་ནང་གི་རི་འདབས་སུ་གནས་པ་དང་། ཉིས་ཐོག་གི་བོད་བཟོའི་ཁང་པ་ཡག་པོ་ཡོད་པ་མ་ཟད་དཀར་ཆ་ཡང་དོད་པོ་ཡོད། ཁང་པའི་ནང་སྒྲིག་གཤོམ་བྱས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་པར་ལ་དཀར་གཙང་གི་མཇལ་དར་བསྒྲོན་ཡོད་པ་དང་། འཁྱགས་སྒམ་དང་། བརྙན་འཕྲིན། ཇ་སྲུབས་འཕྲུལ་འཁོར་སོགས་ཀྱི་གློག་ཆས་ཆ་ཚང་པོ་ཡོད། སྒོ་རའི་ཕྱི་ངོས་ཀྱི་གྱང་ངོས་སུ་དཀར་རག་གསོལ་ཡོད་རྐྱེན་དེ་བས་ཁོད་སྙོམས་པ་དང་གཙང་སྦྲ་དོད་པར་སྣང་། སྒེའུ་ཁུང་ཕྱི་རོལ་གྱི་མྱུ་གུ་གསར་པ་འབུས་པའི་ལྗོན་ཤིང་ལ་ལྟ་བཞིན་རྒད་པོའི་ཡིད་ལ་སླར་ཡང་སྔར་སོང་གི་ལོ་ཟླ་འཆར།

    “སྔོན་མ་ཞིང་བྲན་བདག་པོར་ཁྲལ་འུ་ལག་གྲངས་ལས་འདས་པ་རྒྱུག་དགོས་ཀྱི་ཡོད”ཅེས་བག་གྲོས་བརྗོད།

    1959ལོའི་ཟླ་3པར་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བསྟུན་ནས། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མཐར་མཇུག་འགྲིལ་བ་དང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། སྐབས་དེ་དུས་བག་གྲོར་ས་ཞིང་མུའུ་19དང་། རྨོན་མཛོ་1 བ་གླང་2 རྟ་1བཅས་རག་པ་དང་། རང་ཉིད་ལ་དབང་བའི་ཁང་པ་དང་པོ་དེ་ཡང་བརྒྱབ་སྟེ་སྡིངས་ཁ་གྲོང་ཚོའི་ནང་བཟན་རོགས་རེས་ཚོགས་ཆུང་གི་ཙུའུ་ཀྲང་ལ་གྱུར་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    ལྟོ་སློང་སྟེ་འཚོ་ཐབས་བྱེད་པ་ནས་འབྱོར་འབྲིང་འཚོ་བའི་བར།

    ལོ་གཉིས་ཀྱི་གོང་། སྲིད་གཞུང་གི་གནད་སྨིན་དབུལ་སྐྱོར་གྱི་གནས་སྤོས་སྲིད་ཇུས་ལ་བརྟེན་ནས་བག་གྲོའི་ཁྱིམ་གྱི་བུ་མོ་ཆུང་བ་པ་སངས་དང་བཅས་པའི་ནང་མི་ཁང་པ་རྙིང་པ་དེ་ནས་གདོང་དཀར་སྲང་ལམ་གྱི་བཟང་མོ་ཁམས་བཟང་བདེ་ཁུལ་དུ་སྤོས་པ་དང་། སྨི་ངོས་གྲུ་60ཡོད་པའི་ཁང་པ་ནི་དཀར་ཆ་དོད་ལ་གཙང་བ་མ་ཟད་ད་དུང་འགྲོ་སོང་སྐར་ལི་གཅིག་ཀྱང་གཏོང་དགོས་བྱུང་མེད།

    གནས་ཚུལ་དེ་དག་གླེང་སྐབས་བག་གྲོས“མང་ཚོགས་རྣམས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱ་ཆེད། ཏང་དང་སྲིད་གཞུང་གིས་ལས་དོན་མང་པོ་བསྒྲུབས་པ་མ་ཟད། ལས་བྱེད་པས་ཀྱང་ཁྱིམ་གྱི་སྒོ་རྩར་ཡོང་ནས་ཞབས་འདེགས་ཞུ་བ་དང་འཚོ་བའི་བདེ་སྡུག་སྐོར་སྐད་ཆ་འདྲི་ཡི་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད།

    ཆུང་དུས་བག་གྲོའི་ཁྱིམ་གྱི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད་རྐྱེན། གཅེན་གཅུང་6གིས་སྔ་རྗེས་སུ་ཁྱིམ་ནས་ཐོན་ཏེ་ལྟོ་སློང་བར་འགྲོ་མྱོང་ཡོད། སྐབས་དེ་དུས་ཁོང་ཚོས་འཚོ་ཐབས་ཀྱི་ཆེད་དུ་དཀའ་སྡུག་མང་པོ་མྱོང་དགོས་བྱུང་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་དབྱང་སྲིད་གཞུང་གི་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་བསྟུན་ནས། བོད་འདི་ཉིད་དབུལ་པོ་ནས་འབྱོར་ཕྱུག་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2019ལོའི་ལོ་སྨད་དུ་བོད་རང་སྐྱོང་ལྗོངས་ཡོངས་སུ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པར་གྱུར་པ་དང་། བག་གྲོ་གནས་སའི་སྡིངས་ཁ་གྲོང་ཚོའི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.3ལྷག་ཙམ་ཟིན་གྱི་ཡོད་པས་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ཐོག་མྱུར་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་རྒྱུ་རེད།

    སྨན་བཅོས་བྱ་ཡུལ་མེད་པ་ནས་ཚེ་རིང་ལོ་བརྒྱའི་བར།

    ཟླ་3ཚེས་21ཉིན་ཁྱིམ་མིའི་སྨོན་འདུན་བཟང་པོའི་འོག་བག་གྲོས་རང་ཉིད་ལོ་བརྒྱ་ལ་སླེབས་པའི་སྐྱེས་སྐར་བཏང་བ་དང་། “སྡུག་དྲན་སྐྱིད་བསམ་བྱས་ཏེ་ངས་ཏང་ལ་ཐུགས་རྗེ་ཆེ་མི་ཞུ་ག་ལ་སྲིད”ཅེས་བག་གྲོས་བརྗོད།

    བག་གྲོས་སྔོན་ཆད་ཞིང་ནང་དང་མུ་ཁ་དང་སྲང་ལམ་དང་ཁུག་ཀྱོག་གང་སར་ཞིང་བྲན་དང་ལྟོ་སློང་མཁན་ནད་གཞིས་རྐྱེན་པས་ཤི་བ་མིག་མཐོང་ལག་ཟིན་བྱུང་། “བོད་རྙིང་པའི་སྐབས། དབུལ་པོ་ཡིན་ཕྱིན་ནམ་ཡང་ནད་གཞི་མི་ཕོག་པ་བྱེད་དགོས། གལ་སྲིད་ནད་གཞི་ཕོག་ཚེ་འཆི་རྒྱུ་སྒུག་ནས་སྡོད་རྒྱུ་ལས་མ་འདས”ཞེས་བརྗོད།

    བོད་རྙིང་པའི་སྐབས་སུ་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ཡིན་པ་དང་། གལ་སྲིད་ནད་གཞི་ཕོག་ཚེ་དྲག་སྐྱེད་ཡོང་ཐབས་ནི་མོ་ལུང་ཞུ་བ་དང་ལྷ་ལ་སྐྱབས་བཅོལ་རྒྱུ་ལས་གཞན་མ་མཆིས།

    ལོ་60ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་རྗེས་ལུས་ཐེབས་པའི་རྣམ་པར་འགྱུར་ལྡོག་བྱུང་བ་དང་། སྨན་བཅོས་ཞབས་ཞུ་དང་། མ་བུ་འཕྲོད་སྦྱོར། ནད་ཡམས་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་གི་ལོ་35.5ནས་མིག་སྔའི་ལོ་70.6བར་མཐོ་རུ་ཕྱིན་ཡོད། ལྗོངས་ཡོངས་སུ་ད་དུང་ཞིང་འབྲོག་པ་དབུལ་པོའི་ནད་པ“སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པའི”སྲིད་ཇུས་བཏོན་པ་དང་། འདོད་འདུན་ཡོད་པའི་གྲོང་གསེབ་ཀྱི“འགན་ལེན་ལྔའི”རྒན་རྒོན་ཚང་མར་གཅིག་སྡུད་བསྙེན་བཀུར་བྱེད་ཀྱི་ཡོད།

    མིག་སྔར་བདེ་ཆེན་གྲོང་རྡལ་དུ་ལོ་70ཡན་ཟིན་པའི་རྒན་རྒོན་375ཡོད་པ་དང་། ལོ་རེ་བཞིན་མང་དུ་འགྲོ་བའི་རྣམ་པ་མངོན་བཞིན་ཡོད། ད་ཆའི་བོད་ལྗོངས་སུ་རྒན་རྒོན་དེ་བས་མང་བ་བག་གྲོ་དང་འདྲ་བར་ཚེ་རིང་ལོ་བརྒྱ་ཟིན་གྱི་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389339621