བོད་ལྗོངས།
“ཞིང་པ་གསར་པས”བློ་ཁོག་ཆེན་པོས་གྲོང་གསེབ་དར་རྒྱས་ཀྱི“གདོང་སྐྱོད་པ”བྱས་པ།

    —— ས་སྐྱ་རྫོང་བྲག་གཞུག་ཤང་གི་དམངས་ཕན་ཞིང་ལས་འཕྲུལ་ཆས་མཉམ་སྡེབ་ཁེ་ལས་ཀྱི་འཕེལ་རྒྱས་ལ་གནས་སྡོད་ལྟ་ཞིབ་བྱས་པ།

    འདི་ནི་ས་སྐྱ་རྫོང་བྲག་གཞུག་ཤང་དམངས་ཕན་ཞིང་ལས་འཕྲུལ་ཆས་མཉམ་སྡེབ་ཁེ་ལས་ཀྱི་སྒོ་རའི་ཟུར་ཞིག་ཡིན་པ།

    ས་སྐྱ་རྫོང་བྲག་གཞུག་ཤང་དམངས་ཕན་ཞིང་ལས་འཕྲུལ་ཆས་མཉམ་སྡེབ་ཁེ་ལས་སུ་སྐྱོད་སྐབས། མིག་ལམ་དུ་མངོན་པ་ནི་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་རེད། ས་བོན་ལས་སྣོན་འཁོར་ཁང་དུ། ནས་ཁྲོལ་ཚགས་རྒྱག་ཆས་སོགས་འཕྲུལ་ཆས་མང་པོ་འུར་འུར་དུ་འཁོར་བཞིན་ཡོད་པ་དང་། པད་ཁའི་སྣུམ་ཐོན་སྐྱེད་འཁོར་ཁང་དུ། ཇོ་མོ་ལྷ་རི་རྟགས་ཅན་གྱི་པད་ཁའི་སྣུམ་འགྱིག་དམ་རེ་རེ་ཐོན་སྐྱེད་བྱེད་བཞིན་ཡོད་པ། འདྲུད་འཐེན་འཁོར་ལོ་ཆེ་གྲས་ཀྱིས་རྨོད་ཡག་པོ་བརྒྱབ་པའི་ཞིང་ཁར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    “ཞིང་ཁ་འདེབས་ཤེས་པ”ནས“རིག་ལྡན་ལ་བརྟེན་ནས་ཞིང་ཁ་འདེབས་པའི”བར་དང་། “ཆུ་ཚད་དམའ་བ”ནས“སྤུས་ཚད་ལེགས་པའི”བར། “ཐོན་རྫས་ཆུང་ངུ”ནས“སྤུས་རྟགས་ཆེན་པོའི”བར་བཅས་ཞིང་འབྲོག་ཐོན་ལས་རིམ་སྤོར་བྱུང་བའི་བརྒྱབ་ཏུ། “ཆེད་ལས་ཞིང་འབྲོག་པ་གསར་པ”ཁག་གཅིག་གིས་གསར་གཏོད་ལས་གཏོད་བྱས་པའི་འབད་འབུངས་ཀྱི་གཏམ་རྒྱུད་ཡོད་པ་རེད།

    “ཞིང་པ་གསར་པས”ལས་གཏོད་བྱས།

    ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་ཞིང་ལས་ལ་རེ་བས་ཁེངས།

    “ཁེ་ལས་ལ་ཁྱོན་ལས་མི་20ཡོད་པའི་ནང་སློབ་ཆེན་སློབ་མ་2ཡོད” “ཞིང་འབྲོག་ལས་ནི་ཁྱིམ་གྱི་འཚོ་བརྟེན་ཁོ་ན་ཙམ་མིན་པར་ང་ཚོ‘ལས་རིགས་ཞིང་འབྲོག་པ་གསར་པས’སེམས་གཏིང་ནས་དགའ་པོ་བྱེད་པའི་བྱ་གཞག་ཅིག་ཡིན། ད་ཆ་ང་ཚོ་ཚང་མས་མེས་པོ་ཚོ་ནང་བཞིན‘དཔུང་པ་ས་འོག་ཏུ་བཅུག’ནས་ལས་ཀ་བྱེད་མི་དགོས་པར་ཚན་རིག་ལག་རྩལ་ལ་བརྟེན་ནས་ཕན་འབྲས་ཐོན་པ་དང་། གཉེར་སྐྱོང་དོ་དམ་བྱས་ནས་གསོན་ཤུགས་རྒྱས་པར་བྱེད་པ། སྤུས་རྟགས་དང་ཁྲོམ་ར་ལས་ཁེ་སྤོགས་ཐོབ་པ་བཅས་བྱེད་ཀྱི་ཡོད”ཅེས་མཉམ་སྡེབ་ཁེ་ལས་གསར་འཛུགས་བྱེད་མཁན་ཁྲིམས་མིའི་འཐུས་ཚབ་ཨོ་རྒྱན་ཚེ་རིང་གིས་གསར་འགོད་པར་བརྗོད།

    ལོ་མང་རིང་གི་ལས་གཏོད་ཉམས་མྱོང་ལས་ལོ་རབས་90ནང་སྐྱེས་པའི་ཕོ་གསར་འདི་ཉིད་བློ་གྲོས་ལྡན་པ་ཞིག་ཏུ་གྱུར་ཡོད། ཁོང་གིས་བལྟས་ན། ཞིང་འབྲོག་ཁུལ་ནི་གོ་སྐབས་ཧ་ཅང་མང་པོ་ལྡན་པ་ཞིག་ཡིན། ཁོང་གི་ཕུགས་འདུན་ནི“ཆེད་ལས་ཞིང་འབྲོག་པ་གསར་པ”སྔར་བས་མང་པོའི་སྣེ་ཁྲིད་དེ་བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་གསར་སྒྱུར། ལས་བརྩོན་ཕྱུག་འགྱུར་བཅས་བྱས་ནས། གསར་གཏོད་ལས་གཏོད་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་ལ་ཞུགས་ནས། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་བཏོད་དེ། ཞིང་འབྲོག་ལས་དེ་ཉིད་རེ་བས་ཁེངས་པའི་ཐོན་ལས་ཤིག་དང་། ཞིང་འབྲོག་པ་ཡང་ཡིད་དབང་འགུག་ཤུགས་ལྡན་པའི་ལས་རིགས་ཤིག ཞིང་འབྲོག་ཁུལ་ནི་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་བཅས་སུ་འགྱུར་བར་བྱ་རྒྱུ་དེ་རེད།

    “དང་ཐོག་ངས་དམིགས་ཡུལ་གང་ཡང་མེད་པར་གྲོང་ཁྱེར་ནང་གྱོན་ཆས་དང་། ཞོག་ཁོག ཨར་འདམ་སོགས་བཙོངས་པ་ཡིན”“ངས་བལྟས་ན་གཞོན་རབས་པ་ཚོ་ཕྱིར་སྐྱོད་དགོས། མ་མཐར་ཡང་མིག་རྒྱང་རིང་དུ་འགྲོ་ཐུབ་། དེ་ལྟར་བྱུང་ན་ཁྲོམ་རའི་དགོས་མཁོ་དང་འགྱུར་ལྡོག་སོགས་ཤེས་ནས་རང་ཉིད་ཀྱིས་འབད་འབུངས་བྱེད་པའི་ཁ་ཕྱོགས་རྙེད་ཐུབ”ཅེས་ཨོ་རྒྱན་ཚེ་རིང་གིས་བརྗོད།

    གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མི་ལ་དབང་བ་ཡིན། 2011ལོར། ཨོ་རྒྱན་ཚེ་རིང་ལྷ་སར་སྲིད་གཞུང་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་འདྲུད་འཐེན་འཁོར་ལོ་དང་། རྐོ་འདྲུའི་འཕྲུལ་འཁོར། བརྔ་སྡུད་འཕྲུལ་འཁོར་སོགས་གཏོང་སྟངས་དང་ཉམས་བཟོ་བྱེད་སྟངས་གསོ་སྦྱོང་འཛིན་གྲྭར་ཞུགས་ཤིང་། དེ་ནས་ཐོན་རྗེས་ལག་རྩལ་ལྡན་པའི་ཁོང་སོ་སོའི་སྒོ་རྩ་ནས་ལས་ཞུགས་ཐུབ་པ་དང་། ཕ་ཡུལ་གྱི་འཕོ་འགྱུར་ལ་ལྟ་བཞིན་ཨོ་རྒྱན་ཚེ་རིང་ལ་དེང་རབས་ཞིང་འབྲོག་ལས་ཁེ་ལས་གཉེར་འདོད་ཀྱི་བསམ་བློ་ཞིག་འཁོར།

    ཨོ་རྒྱན་ཚེ་རིང་གི་བསམ་ཡུལ་ལས་འདས་པ་ཞིག་ལ། ཁྱིམ་མི་ཚོས་རྒྱབ་སྐྱོར་དེ་འདྲ་མི་བྱེད་པའི་འཆར་གཞི་དེར་བྲག་གཞུག་ཤང་ཏང་ཨུད་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཐོག་ཨོ་རྒྱན་ཚེ་རིང་ལྷ་སར་ཁེ་ལས་དོ་དམ་སྐོར་གྱི་ཤེས་བྱ་སྦྱོང་དུ་བཏང་བ་མ་ཟད་ད་དུང་ལས་གཏོད་དངུལ་བུན་སྐོར་ཁྲི་15ཡང་ཐག་གཅོད་བྱེད་རོགས་བྱས་པ་རེད། 2015ལོར། ཨོ་རྒྱན་ཚེ་རིང་གིས་སྣེ་ཁྲིད་དེ་བྲག་གཞུག་ཤང་དམངས་ཕན་ཞིང་ལས་འཕྲུལ་ཆས་མཉམ་སྡེབ་ཁེ་ལས་བཙུགས་པར་ལོ་དང་པོར་ལས་གཉེར་ཡོང་འབབ་སྒོར་ཁྲི་150ལྷག་ཟིན་པ་རེད།

    2017ལོར་ས་སྐྱ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་རོགས་སྐྱོར་འོག ཨོ་རྒྱན་ཚེ་རིང་ལ་དངུལ་བུན་སྒོར་ཁྲི་300རག་པས་འཕྲུལ་ཆས་ལ་བརྟེན་ནས་རྨོ་འདེབས་བསྡུ་གསུམ་ཐུབ་སྟེ་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། ད་ཆ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་9དང་། རྐོ་འདྲུའི་འཕྲུལ་འཁོར་1 ལྡུག་འཁོར་1 འདྲུད་འཐེན་འཁོར་ལོ་ཆེ་གྲས་18བཅས་དང་དེ་བཞིན་འཕྲུལ་ཆས་སྒྲིག་བཀོད་གཞན་དག་མང་པོ་ཡོད་པ་རེད། 2018ལོར། གཞིས་རྩེ་གྲོང་ཁྱེར་དབུལ་སྐྱོར་སྡེ་ཚན་གྱི་སྒྲིག་འཛུགས་འོག ཨོ་རྒྱན་ཚེ་རིང་སོགས་མི་ཁ་ཤས་ཧེ་ལུང་ཅང་གི་ཞིང་ར་ཆེ་གྲས་ཁག་ཏུ་དེང་རབས་ཅན་གྱི་ཞིང་ལས་གཉེར་སྟངས་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། 2019ལོར། ཁེ་ལས་ཀྱིས་ཐོན་ལས་དབུལ་སྐྱོར་དངུལ་བུན་སྒོར་ཁྲི་1276རེ་ཞུ་བྱས་པའི་ཁར་མ་དངུལ་སྒོར་ཁྲི་524རང་གྲབས་བྱས་ནས། བྲག་གཞུག་ཤང་གནས་གྲོང་ཚོར་ས་སྐྱ་རྫོང་པད་ཁའི་སྣུམ་གྱི་རྟེན་གཞི་བཙུགས་ཤིང་། མིག་སྔར་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད།

    ཞིང་ཁའི་གཡོག་པོ་བྱས་ནས་དབུལ་སྐྱོར་བྱས་པ།

    ཁྱེད་རང་ཕྱིར་ལས་ཀར་སྐྱོད་དང་ངས་ཁྱེད་ལ་ཞིང་ཁ་འདེབས་རོགས་བྱེད།

    “དབུལ་སྐྱོར་དཔེ་བཟང་གིས་དམངས་ལ་བྱ་བ་སྒྲུབ་རོགས་བྱེད”ཅེས་བྲིས་པའི་དར་ཆ་ཞིག་2019ལོའི་ཟླ་བཞི་པར་བྲག་གཞུག་ཤང་རྒྱལ་ཆུང་གྲོང་ཚོ་ཨུ་ལྷན་གྱིས་ཨོ་རྒྱན་ཚེ་རིང་ལ་སྤྲད་པ་རེད། གྲོང་ཚོ་དེར་སྔོན་ཆད“སྤྲང་པོའི་གྲོང་ཚོ”ཞེས་འབོད་ཀྱང་། ད་ཆ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་འགོ་ཚུགས་ཡོད། དེར་བརྟེན་ཨོ་རྒྱན་ཚེ་རིང་ནི་གྲོང་མི་ཚོས་ཐུགས་རྗེ་ཆེ་ཞུ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད། རྒྱལ་ཆུང་གྲོང་ཚོའི་དུད་ཚང་81ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཤ་སྟག་རེད། བྲག་གཞུག་ཤང་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཨོ་རྒྱན་ཚེ་རིང་གིས་གྲོང་མི་ཚོའི་དཀའ་ངལ་གསལ་པོར་ཤེས་ཀྱི་ཡོད།

    ཇི་ལྟར་བྱས་ནས་ཞིང་ལས་ཐོན་ལས་ལ་བརྟེན་ནས་མི་དམངས་ལ་ཕན་བདེ་སྔར་བས་ཆེ་བ་སྐྲུན་དགོས་ཞེ་ན། “ཁྱེད་རང་ཕྱིར་ལས་ཀར་སྐྱོད་དང་། ངས་ཁྱེད་ལ་ཞིང་ཁ་འདེབས་རོགས་བྱེད” 2017ལོར། ཨོ་རྒྱན་ཚེ་རིང་དང་རྒྱལ་ཆུང་གྲོང་ཚོའི་གྲོང་མིས་གྲོས་མཐུན་ཞིག་བཞག་རྗེས་ཁོང་གིས“ཞིང་ཁའི་གཡོག་པོ”ཞིག་བྱས་ནས། གྲོང་ཚོ་དེའི་ཞིང་ཁ་མུའུ་800ལྷག་ཙམ་རིན་མེད་ངང་དོ་དམ་བྱས་ཏེ། གྲོང་མི་ཚོ་ཞིང་ཁར་སེམས་ཁྲལ་བྱེད་མི་དགོས་པར་ཕྱིར་ལས་ཀར་སྐྱོད་ཐུབ་པར་བྱས་པ་རེད།

    ལྕགས་སྒང་ཆུ་ཡུར་ནི་བྲག་གཞུག་ཤང་གི་ཆུ་བེད་སྒྲིག་ཆས་གཙོ་བོ་ཞིག་ཡིན་ཞིང་། དེའི་རིང་ཚད་ལ་སྤྱི་ལེ་38.2ཟིན་པ་དང་། ལྕགས་སྒང་ཆུ་ཡུར་ཤར་གཏོང་ཐུབ་མིན་དེ་ཤང་དེའི་སྲིད་འཛིན་གྲོང་ཚོ་12ཀྱི་མུའུ་ཁྲི་ཡི་ཞིང་ཁར་ཆུ་འདྲེན་རྒྱུ་དང་འབྲེལ་བ་ཡོད། 2012ལོ་ནས་བཟུང་། ཨོ་རྒྱན་ཚེ་རིང་གཅིག་པུས་རྐོ་འདྲུའི་འཕྲུལ་འཁོར་བཏང་ནས་ཆུ་ཡུར་ཧྲིལ་པོ་གཤོང་བའི་འགན་བླངས། 2015ལོ་ནས་བཟུང་ཁེ་ལས་གསར་འཛུགས་བྱས་པ་དང་བསྟུན་ཨོ་རྒྱན་ཚེ་རིང་གིས་ལོ་ལྟར་བྱེ་འདམ་གཙང་སེལ་བྱེད་པའི་ལས་དུས་གྲོན་དངུལ་དང་སྣུམ་རིན་སོགས་ཁྱོན་སྒོར་ཁྲི་15ཚང་མ་མེད་པར་བཟོས་པས་བྲག་གཞུག་ཤང་སྲིད་གཞུང་དང་དེ་བཞིན་གྲོང་ཚོ་ཁག་གི་མང་ཚོགས་ཀྱི་དཔལ་འབྱོར་གྱི་གནོན་ཤུགས་ཆུང་དུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། ཁེ་ལས་ཀྱིས་ད་དུང་ས་སྐྱ་རྫོང་ལ་ཞིང་ལས་ལ་དགའ་ཞེན་དང་། ལག་རྩལ་ཤེས་པ། ཚོང་གཉེར་མཁས་པ་བཅས་ཀྱི་ཆེད་ལས་ཞིང་པ་གསར་པ་གསོ་སྐྱོང་བྱེད་རོགས་བྱས་ཏེ་གྲོང་གསེབ་དར་རྒྱས་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན། ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཤེས་ལྡན་པའི་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད།

    “གདོང་སྐྱོད་པས”འབད་འབུངས་ཡར་ཐོན་བྱས་པ།

    ཁྲོམ་ར་ཆེན་པོར་དམ་པོར་དམིགས་ནས་ཕྱུག་འགྱུར་ལམ་བུ་སྔར་བས་རྒྱ་ཆེར་བཏང་བ།

    “ཇོ་མོ་ལྷ་རིའི”པད་ཁའི་སྣུམ་གྱི་ཚོང་རྟགས་ཐོ་འགོད་བྱ་ཆེད། ཐུམ་སྒྲིལ་སྙིང་རྗེ་བ་དང་། དྲ་ཐོག་ནས་སྤུས་ཚད་ཁུངས་འདེད་ཆོག་པའི་མ་ལག་གྲབས་འཛུགས་བྱས་པ། གནོད་མེད་ཞིང་ལས་ཐོན་ཟོག་དང་སྤུས་ཚད་དོ་དམ་མ་ལག་དཔང་བདེན་ར་སྤྲོད་བྱ་རྒྱུའི་རེ་ཞུ་སོགས་བྱེད་ཀྱི་ཡོད་པས། ཉེ་ཆར་ཁེ་ལས་ཀྱི་པད་ཁའི་སྣུམ་རྟེན་གཞིའི་ཐོན་སྐྱེད་ལས་སྣོན་ཕྱིར་ཚོང་བཅས་ཀྱི་ལས་ཀའི་འགན་ཁུར་མཁན་སློབ་ཆེན་སློབ་མ་སྤེན་པ་དབང་འདུས་ལས་བྲེལ་ཧ་ཅང་ཆེན་པོ་ཡོད།

    མེས་པོ་ཚོའི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་དང་མི་འདྲ་བར་སྤེན་པ་དབང་འདུས་ཀྱིས། སྤུས་ཚད་མཐོ་པོའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ཁྲོད། ངེས་པར་དུ་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་གཉེར་སྐྱོང་བྱེད་རྒྱུ་ཁ་ཕྱོགས་སུ་བྱེད་པའི་དེང་རབས་ཅན་གྱི་ཞིང་ལས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་མ་དངུལ་དང་། ཆ་འཕྲིན། ལག་རྩལ་སོགས་ཀྱི་ལེགས་ཆ་སྤྱད་དེ་ཁྲོམ་རའི་དགོས་མཁོར་དམིགས་པ། གྲུབ་ཆ་ལེགས་སྒྲིག་དང་སྤུས་རྟགས་བཏོད་དེ་ཞིང་ལས་ཐོན་ཟོག་གི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ནས་ས་ཞིང་ནས་ཡོང་འབབ་དེ་བས་མང་བ་ཡོང་ཐབས་བྱེད་དགོས་པའི་ངོས་འཛིན་བྱས།

    སྔོན་ཆད་ཞིང་པའི་བུ་ཕྲུག་ཚོ་ཐབས་བརྒྱ་ཇུས་སྟོང་གིས་གྲོང་གསེབ་ནས་དོན་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ཆ་ཨོ་རྒྱན་ཚེ་རིང་གི་ཤུགས་རྐྱེན་འོག སྤེན་པ་དབང་འདུས་དང་འདྲ་བའི་ཤེས་ཡོན་ཡོད་པ་དང་ལས་གཏོད་བྱེད་འདོད་པའི་སློབ་ཆེན་སློབ་མ་དེ་བས་མང་བ་གྲོང་གསེབ་ཏུ་ལོག་ཡོད། ད་ཆ་ཁོང་ཚོ་གྲོང་གསེབ་དར་རྒྱས་གཏོང་བའི་སྟོབས་ཤུགས་གསར་པར་གྱུར་ནས་ལག་རྩལ་གསར་པ་དང་། ཞབས་ཞུ་གསར་པ། ཐབས་ལམ་གསར་པ་བཅས་ལ་བརྟེན་ཏེ་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་གཉེར་སྐྱོང་རྣམ་པ་དེ་གཞི་ཁྱོན་ཅན་དང་། སྒྲིག་འཛུགས་ཅན། ཆེད་ལས་ཅན་བཅས་སུ་འགྱུར་བར་བྱས་ནས་ཞིང་འབྲོག་ལས་སྤུས་འབོར་གཉིས་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་སྐུལ་ཁྲིད་བྱེད་ཀྱི་ཡོད།

    ཤང་ནང་གི་མུའུ་ཁྲི་2ཟིན་པའི་ཐང་རྒོད་མཐོང་སྐབས། ཨོ་རྒྱན་ཚེ་རིང་གིས“ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་དང་ཐ་ན་ཉེ་འགྲམ་གྱི་ས་ཁུལ་དང་གྲོང་ཁྱེར་ཚང་མས་ནོར་ལུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གཟན་རྩྭ་མི་འདང་བའི་གནས་ཚུལ་རིམ་བཞིན་མངོན་གསལ་དོད་དུ་འགྲོ་ཡི་ཡོད་པས། ས་སྟོང་དེར་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྒྱུའི”བསམ་བློ་འཁོར། 2019ལོར་མི་ཐབས་ལ་བརྟེན་ནས་རྩྭ་བཏབ་པར་ལོ་དེ་རང་ལ་ཕན་འབྲས་ཐོན་ཏེ་གཞིས་རྩེ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ལ་གཟན་རྩྭ་ཕྱིར་ཚོང་བྱས་པར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་ཡོད།

    ཉེ་ཆར་ཁེ་ལས་ཀྱི་ལས་མི་ཚོས་མང་བགྲོས་བློ་བསྡུ་བྱས་ནས་ཐོན་ལས་གསུམ་པའི་ཐད་འབད་བརྩོན་བྱེད་བཞིན་ཡོད། “ང་ཚོས་པད་ཁའི་སྣུམ་གྱི་རྟེན་གཞི་ལ་བརྟེན་ནས་མུའུ་3000ཟིན་པའི་པད་ཁའི་མེ་ཏོག་གྱི་རྒྱ་མཚོ་བཏོད་དེ་འདེབས་འཛུགས་དང་། གསོ་ཚགས། ཞིང་ལས་ཐོན་ཟོག་ལས་སྣོན། གྲོང་གསེབ་ཀྱི་ཡུལ་སྐོར་དང་བཟའ་བཏུང་སོགས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་ཡིན”ཞེས་ཨོ་རྒྱན་ཚེ་རིང་གིས་ཕུགས་རེ་ཆེན་པོས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391406231