བོད་ལྗོངས།
ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས།

    —— ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི་དབུལ་སྒྲོལ་གྱི་ལག་ལེན་སྐོར་བཀོད་པ།

    ཉེ་དུས། ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་བཟང་བགོ་བཤའ་རྒྱག་པའི་མཛད་སྒོ་འཚོགས་ཤིང་། འདི་ནི་བགོ་བཤའ་རྒྱག་ཡུལ་ཡིན་པ།

    2018ལོའི་ཟླ་4པར་རྒྱབ་རི་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་10ཚང་མ་ཨ་ཐོག་ཁ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ་སྤོས་པ་རེད། འདི་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཨ་ཐོག་ཁ་འབྱོར་འབྲིང་གྲོང་གསར་གྱི་ཟུར་ཞིག་ཡིན་པ།

    ཟླ་5ཚེས་7ཉིན་སྐད་གསང་མཐོན་པོའི་གླུ་སྒྲ་དང་དགའ་སྤྲོ་འཁོལ་བའི་ཞབས་བྲོའི་ཁྲོད་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་བཟང་བགོ་བཤའ་རྒྱག་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། རྒྱབ་རི་གྲོང་ཚོར་མངགས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱམས་པ་བསྟན་ཆོས་ཀྱིས་དགའ་ཚོར་ཆེན་པོའི་སྒོ་ནས་མང་ཚོགས་ཚོར“ཉེ་བའི་ལོ་ཤས་རིང་ང་ཚོའི་གྲོང་ཚོས་ལོ་ལྟར་མཉམ་སྡེབ་ཀྱི་ཁེ་བཟང་བགོ་བཤའ་རྒྱག་གི་ཡོད་པས་ཚང་མར་དངོས་ཕན་ཆེན་པོ་ཐོབ་ཡོད། དེ་རིང་ང་ཚོས་སླར་ཡང་གྲོང་ཚོ་ཡོངས་ཀྱི་དུད་ཚང་266གི་མང་ཚོགས་1161ལ་ཁེ་བཟང་སྒོར་ཁྲི་116.2བགོ་བཤའ་རྒྱག་གི་ཡིན”ཞེས་བཤད།

    དབུལ་སྒྲོལ་འགག་སྒྲོལ་མ་བྱས་གོང་། རྒྱབ་རི་གྲོང་ཚོའི་མང་ཚོགས་ལ་སྲོལ་རྒྱུན་གྱི་ལྟ་བ་ཤུགས་ཆེན་པོ་ཡོད་པ་དང་། “སྒུག་རྟེན་སློང”གསུམ་གྱི་བསམ་བློ་ཤུགས་ཆེན་ལྡན་པའི་ཁར། དབུལ་པོར་གྱུར་རྐྱེན་རྙོག་དྲ་ཆེ་ཞིང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་སྐྱོ་པོ་ཡོད།

    དབུལ་སྒྲོལ་འགག་སྒྲོལ་བྱས་ཚུན། རྒྱབ་རི་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་མང་ཚོགས་དབུལ་པོའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ཏེ། ཞིང་འབྲོག་པའི་མཉམ་ལས་ཁང་བཙུགས་པ་དང་སྦྲགས་མང་ཚོགས་རྒྱ་ཁྱབ་ངང་དེར་ཞུགས་རྒྱུའི་ཡིད་དབང་བཀུག་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བས་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་བྱུང་ཡོད། 2018ལོར་རྒྱབ་རི་གྲོང་ཚོ་བདེ་བླག་ངང་དབུལ་སྒྲོལ་ཐུབ་ནས་གྲོང་ཚོ་ཧྲིལ་པོའི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཡོད།

    ཏང་འཛུགས་སྐྱོང་གིས་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུར་སྣེ་ཁྲིད་བྱས་པ།

    ཏང་ཡོན་ལས་བྱེད་པ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་གཙོ་ཤུགས་དམག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་རྒྱ་ཆེའི་ཏང་ཡོན་གྱིས“འགན་གཙོ་བོ་འཁུར་བ་དང་། གདོང་ལེན་བརྩོན་ལེན་བྱེད་པ། མིག་དཔེ་སྟོན་པ་”བཅས་བྱེད་དགོས་ཀྱི་ཡོད།

    རྒྱབ་རི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཆོས་འཕེལ་དང་གྲོང་ཚོར་མངགས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱམས་པ་བསྟན་ཆོས་སོགས་ཀྱི་སྣེ་ཁྲིད་འོག་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་ཧུར་ཐག་བྱས་པ་དང་གྲོང་ཚོའི་ལས་བྱེད་པ་དང་། ཞིང་འབྲོག་པ་ཏང་ཡོན། མང་ཚོགས་ཀྱི་འཐུས་མི་བཅས་སྒྲིག་འཛུགས་བྱས་ཏེ། “ངས་རྒྱབ་རི་གྲོང་ཚོའི་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འགོད་བྱེད”ཅེས་པའི་བགྲོ་གླེང་ཚོགས་འདུ་འཚོགས་ནས“རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། ལྟ་བ་དང་བསམ་བློར་འགྱུར་ལྡོག་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་འཆར་འགོད་བྱེད་པ”བཅས་རྩ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཟོས་པ་རེད།

    བློ་བཟང་ཆོས་འཕེལ་ནི་རྒྱབ་རི་གྲོང་ཚོའི་སྣེ་ཁྲིད་པ་ཡིན་པ་དང་། ལོ་10ལྷག་ཙམ་གྱི་གཞི་རིམ་ལས་དོན་ཁྲོད“སྣེ་ཁྲིད་པའི་གསོན་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པའི”མདུན་སྐྱོད་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་རེད། དེས་ན་ཁོང་གིས་ཏང་ཡོན་གྱི་དཔེ་སྟོན་རྣམ་གྲངས་བཙུགས་ནས“ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། ནུས་པ་ཐོན་པར་བྱེད་པ། མིག་དཔེ་འདོན་པ”བཅས་བྱ་རྒྱུའི་རེ་བ་བཏོན་ཡོད།

    རྒྱབ་རི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བྱ་དགའ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ས་ཞིང་བོགས་མར་གཏོང་བ་དང“མཉམ་ལས་ཁང་དང་ཞིང་དུད”ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད་ཏང་ཡོན་ལ་ཕྱུག་འགྱུར་དཔེ་སྟོན་རྣམ་གྲངས་ཀྱི་སྣེ་ཁྲིད་གཏོད་རྒྱུའི་ལྕག་སྐུལ་བྱས་པ་རེད། མིག་སྔར་གྲོང་ཚོ་དེ་ཡོངས་ཀྱིས་ཏང་ཡོན་གྱི་དཔེ་སྟོན་རྣམ་གྲངས་1ལག་བསྟར་བྱས་ནས་དུད་ཚང་དབུལ་པོ་38དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།

    དབུལ་སྐྱོར་ཐོན་ལས་ཀྱིས་དར་རྒྱས་གོང་་འཕེལ་ཡོང་བར་རོགས་རམ་བྱས་པ།

    གྲོང་ཁྱེར་གྱི་ཉེ་འདབས་སུ་གནས་སྟབས་རྒྱབ་རི་གྲོང་ཚོར་འགྱིག་ཤོག་དྲོད་ཁང་ཆེ་མོ་མི་ཉུང་བ་ཞིག་ཡོད་པ་དེ་དག་མང་ཚོགས་རང་ཉིད་ཀྱིས་གཉེར་སྐྱོང་བྱེད་པའམ་ཡང་ན་བོགས་མར་གཏོང་གི་ཡོད། འོན་ཀྱང་། དྲོད་ཁང་གནས་ཡུལ་ཁ་ཐོར་ཡིན་པ་དང་། ལག་རྩལ་མི་འདང་བ། སྔོ་ཚལ་ཕྱིར་འཚོང་དཀའ་བ་སོགས་ཀྱི་རྐྱེན་པས་ཕན་འབྲས་དེ་ཙམ་ཡག་པོ་མེད་པ་རེད།

    བརྟག་ཞིབ་དང་གྲོས་བསྡུར་གང་ལེགས་བྱས་པའི་རྨང་གཞིའི་ཐོག་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བསམ་ཕྱོགས་བཏོན་པ་རེད། འགྱིག་ཤོག་དྲོད་ཁང་49གཅིག་ཏུ་བསྡུས་ཏེ་སྔ་རྗེས་སུ་སི་མོང་ཏ་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་དང་བུད་མེད་ཀྱི་དབུལ་སྒྲོལ་སྔོ་ཚལ་ཕྱིར་འཚོང་དཔེ་སྟོན་རྟེན་གཞི་བཙུགས་ཏེ་འདེབས་འཛུགས་ནས་ཕྱིར་འཚོང་བར་གྱི་བརྒྱུད་རིམ་ཧྲིལ་པོ་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གཅིག་གྱུར་ཐོག་སྒྲིག་འཛུགས་དང་། དོ་དམ། བཀོད་སྒྲིག་བཅས་བྱེད་ཀྱི་ཡོད་པ་རེད།

    བོད་གྲི་བཟོ་བ་དང་གསེར་དངུལ་གྱི་རྒྱན་ཆ་ལས་སྣོན་བྱ་རྒྱུ་དེ་ནི་རྒྱབ་རི་གྲོང་ཚོའི་མང་ཚོགས་ཀྱི་སྲོལ་རྒྱུན་ལག་རྩལ་གྱི་ལེགས་ཆ་ཞིག་རེད། དེས་ན་རྒྱབ་རི་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་བོད་གྲི་བཟོ་བ་དང་། གསེར་དངུལ་གྱི་རྒྱན་ཆ་ལས་སྣོན་བྱེད་པ། མཆོད་ཀོང་བཟོ་བ་སོགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་མཉམ་ལས་བྱས་ནས་རྒྱ་སྟོབས་ཆེ་རུ་བཏང་བ་རེད།

    2017ལོའི་ཟླ་10པར་རྒྱབ་རི་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་བཟང་བགོ་བཤའ་ཐོག་མར་རྒྱག་པའི་མཛད་སྒོ་འཚོགས་ནས་ཞིང་འབྲོག་མང་ཚོགས་1082ལ་དངུལ་སྒོར་ཁྲི་72.6བགོ་བཤའ་བརྒྱབ་པ་རེད།

    རིག་སྐྱོར་དང་བློ་སྐྱོར་བྱས་ནས་སྒུལ་ཤུགས་འཕེལ་བར་བྱས་པ།

    རྒྱབ་རི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཡག་པོ་བྱུང་བ་དང་ཆབས་ཅིག ལྷོ་རོང་རྫོང་ཨ་ཐོག་ཁ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་བསྐྲུན་ཟིན་པ་རེད། རྒྱབ་རི་གྲོང་ཚོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་10ཡི་མང་ཚོགས་ཨ་ཐོག་ཁ་རུ་སྤོས་ཀྱང་། གྲོང་མི་མི་ཉུང་བ་ཞིག་གིས་རྒྱབ་རི་གྲོང་ཚོ་ནས་འགྲོ་འདོད་བྱེད་ཀྱི་མེད།

    དེས་ན་བྱམས་པ་བསྟན་ཆོས་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཁྱིམ་དུད་རེ་རེ་བཞིན་བསམ་བློའི་སློབ་གསོ་བཏང་། གནས་སྤོས་མང་ཚོགས་ཀྱི་སེམས་ཁྲལ་སེལ་ཆེད། ད་དུང་གནས་སྤོས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཨ་ཐོག་ཁ་འབྱོར་འབྲིང་གྲོང་གསར་དུ་ལྟ་སྐོར་བྱེད་དུ་བཅུག་པ་དང་བསྡུར་བ་བྱས་པ་བརྒྱུད་མང་ཚོགས་ལ་གནས་སྤོས་བྱས་ན་དགེ་མཚན་མང་པོ་ཡོད་པ་ཤེས་སུ་བཅུག་ཡོད།

    2018ལོའི་ཟླ་4པར་ཨ་ཐོག་ཁ་འབྱོར་འབྲིང་གྲོང་གསར་དུ་གནས་སྤོ་བའི་མཛད་སྒོ་འཚོགས་ཤིང་། རྒྱབ་རི་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་10ཡི་མང་ཚོགས་ཚང་མ་གྲོང་ཚོ་གསར་པར་སྤོས་ཡོད། ད་ཆ་གནས་སྤོས་མང་ཚོགས་ལ་གྲོང་ཚོ་གསར་པའི་ཕྱོགས་གང་ས་ནས་སྟབས་བདེ་ཆེན་པོ་བྱུང་སྟེ་ཆུ་དང་གློག་ཚང་མ་ཐག་གཅོད་ཐུབ་པས་ཁོང་ཚོ་བློ་ཡིད་ཚིམས་པོ་བྱུང་ཡོད།

    དེ་ནི་རྒྱབ་རི་གྲོང་ཚོའི་མང་ཚོགས་དབུལ་པོའི་བསམ་བློའི་འདུ་ཤེས་འགྱུར་ལྡོག་བྱུང་བའི་དཔེ་མཚོན་ཆུང་ངུ་ཞིག་རེད།

    མང་ཚོགས་དབུལ་པོའི་ལྟ་བ་རྙིང་པ་དང་བསམ་བློ་རྗེས་ལུས་ཡིན་པའི་གནད་དོན་ལ་དམིགས་ཏེ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་དོན་དག་སྤྱད་དེ་གནས་ལུགས་ཤོད་རྒྱུར་མཐོང་ཆེན་བྱས་ཡོད། ལོ་ལྟར་དབྱར་གསེང་དང་དགུན་གསེང་སྤྱད་དེ་ནང་སར་སློབ་གྲྭ་འགྲིམ་བཞིན་པའི་གྲོང་ཚོའི་ནང་གི་སློབ་མ་ཕ་ཡུལ་དུ་ལོག་པའི་སྐབས་དང་བསྟུན་ནས་ཁོང་ཚོ་གདན་དྲངས་ཏེ་མང་ཚོགས་དབུལ་པོར་སྒྲོག་འགྲེལ་བྱས་ནས་མང་ཚོགས་དབུལ་པོར་རང་སྟོབས་རང་སྤེལ་དང་ཐབས་ལམ་མང་པོའི་སྒོ་ནས་ལས་ཞུགས་བྱས་ཏེ་རིམ་བཞིན་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392479891