བོད་ལྗོངས།
སེམས་ནུས་ཡོད་རྒུས་གཅིག་རོགས་གཅིག་གིས་བྱས། ལག་གདང་སྦྲེལ་ཏེ་ཕྱུག་པོའི་ལམ་དུ་བསྐྱོད།

    —— སྙེ་མོ་རྫོང་གིས་ཐོན་ལས་འཕེལ་རྒྱས་བཏང་བར་འབྲས་བཟང་སྨིན་པ།

    གྲངས་གཞི་ལས། ད་བར་སྙེ་མོ་རྫོང་གི་ཏང་ཡོན་ལས་བྱེད་པ་153གྱིས“གནས་དང་གནས་གཏུགས”ཏེ་ཐོན་ལས་རྣམ་གྲངས་82ལ་དམ་འཛིན་བྱས་ནས་ཐེམ་དུད་1029ཡི་མང་ཚོགས་3324ཡི་སྣེ་ཁྲིད་དེ་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་བྱུང་བ་རེད།

    ཉིན་ལྟར་ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་མི་ཕལ་མོ་ཆེ་ད་དུང་གཉིད་ལ་ཡུར་བའི་སྐབས་སུ། མཁར་རུ་ཤང་ཏང་ཨུད་ཀྱི་རྩ་འཛུགས་ཨུ་ཡོན་ཝང་རུང་ཧྭས་ཁམ་སྡོང་ར་བར་སྐོར་ཞིབ་ཐེངས་གཅིག་བྱས་ཟིན།

    ལོ་གསུམ་གོང་། ལྷ་སར་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལས་དོན་ལ་སྐུལ་མ་གཏོང་བའི་མཚམས་སུ། མཁར་རུ་ཤང་གིས་ཕིང་ཀུའི་ཁམ་བུ་ཆེན་པོ་འདེབས་འཛུགས་བྱ་རྒྱུ་གཙོ་བོར་བྱེད་པའི་ཞིང་ལས་གྲུབ་ཆ་ལེགས་སྒྲིག་གི་འཆར་འགོད་གཏན་འཁེལ་བྱས་པ་རེད།

    ཞིང་འབྲོག་མང་ཚོགས་ཀྱིས་དུས་ཡུན་རིང་པོར་སྲོལ་རྒྱུན་གྱི་ནས་བཏབ་པའི་དབང་གིས་ཁམ་བུ་འདེབས་ཤེས་མཁན་ལག་རྩལ་པ་དང་དོ་དམ་པ་ཧ་ཅང་དཀོན་པོར་གྱུར་ཞིང་། འགག་རྩའི་སྐབས་སུ་ཝང་རུང་ཧྭས་ཁམ་བུའི་སྡོང་ཕྲུག་ཁྲི་1ལྷག་བླངས་ནས་ཕིང་ཀུའི་ཁམ་བུ་ཆེན་པོ་འདེབས་འཛུགས་ཀྱི་རྟེན་གཞི་ཕྱོགས་ཡོངས་ནས་བསྐྲུན་འགོ་བཙུགས་པ་རེད།

    ཁམ་སྡོང་གི་འབྲས་བུར་ལྟ་བཞིན་པའི་ཝང་རུང་ཧྭས“ལས་འགན་འདི་འདྲ་ཞིག་ཐོག་མར་ལེན་པའི་སྐབས་སུ། སེམས་ཁྲལ་ཆེན་པོ་བྱུང་། གང་ཡིན་ཟེར་ན། ཁོ་བོ་ཁམ་སྡོང་འཛུགས་རྒྱུར་རྒྱུས་མངའ་གཏན་ནས་མེད་ལ། ས་མཐོར་ཁམ་སྡོང་འདི་འདྲ་བཏབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ་མེད་པའི་ཁར་འདི་གར་སྨུག་ཕྱིའི་འོད་ལྷག་པར་ཆེ་བ་དང་གནམ་གཤིས་འགྱུར་ལྡོག་ཆེ་བར་བརྟེན་སེམས་ལ་གདེང་ཚོད་གཏན་ནས་མི་འདུག”ཅེས་དེ་སྔོན་གྱི་གནས་ཚུལ་དྲན་གསོ་བྱེད་བཞིན་བཤད།

    ད་ཆ་མང་ཚོགས་དང་མཉམ་དུ་ཁམ་སྡོང་གི་སྐྱེ་ཚུལ་ལ་ལྟ་བ་དང་། ཆུ་རྒྱག་པ། ལུད་རྒྱག་པ། ཡལ་གཅོད་རྒྱག་པ། འགྱིག་ཤོག་གི་ཐུམ་རྒྱག་པ་སོགས་བྱང་ཆུབ་པའི་བཀོལ་སྤྱོད་བྱེད་སྟངས་ལ་བལྟས་ཚེ། ཝང་རུང་ཧྭ་ནི་ཐོག་མའི་སྐབས་ཀྱི“ཆ་རྒྱུས་མེད་པ”དེ་གཏན་ནས་མ་རེད།

    ཁམ་སྡོང་ལོ་གསུམ་ལྷག་བཏབ་རིང་། ཝང་རུང་ཧྭས་པེ་ཅིང་ལ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་པར་བསྐྱོད་དེ་ཁམ་སྡོང་འདེབས་མཁན་དུད་ཚང་གི་ས་ནས་ཁམ་སྡོང་འདེབས་འཛུགས་ཀྱི་ལག་རྩལ་མཐར་ཕྱིན་པ་སྦྱངས།

    ཟླ་བ་གཉིས་ཙམ་གྱི་རྗེས་སུ། ཝང་རུང་ཧྭས་འདེབས་འཛུགས་ཀྱི་ཉམས་མྱོང་མང་པོ་བསགས་ལ། རྩ་འཛུགས་ཀྱིས་རང་ཉིད་སློབ་སྦྱོང་ལ་གཏོང་དོན་ཡང་གསལ་པོར་ཤེས་པ་རེད།

    “སློབ་སྦྱོང་དུ་འགྲོ་སའི་ཁམ་སྡོང་འདེབས་འཛུགས་དུད་ཚང་གི་་མུའུ་གཅིག་ནས་ཡོང་འབབ་སྒོར་ཁྲི་2ནས་ཁྲི་3བར་ཟིན་པ་དང་། ང་ཚོ་སྙེ་མོའི་མང་ཚོགས་ཀྱིས་ལོ་གཅིག་ལ་དཀའ་བ་ག་ཚོད་སྤྱད་ཀྱང་མུའུ་གཅིག་ནས་སྒོར་སྟོང་ཕྲག་འགའ་ལས་ཟིན་གྱི་མེད”ཅེས་ཝང་རུང་ཧྭས་འདེབས་འཛུགས་ལག་རྩལ་ཡག་པོ་སྦྱངས་ཏེ་མང་ཚོགས་ལ་ཡོང་འབབ་བསག་རྒྱུའི་སེམས་ཐག་བཅད།

    སྙེ་མོར་ལོག་རྗེས། ནང་སའི་སྡོང་ཕྲུག་ས་མཐོར་གསོན་ཚད་དམའ་བའི་དོན་དངོས་ཀྱི་མདུན་དུ་ཝང་རུང་ཧྭའི་སེམས་ཤུགས་ཆག་མེད་པ་དང་མཐར་ཁམ་སྡོང་དག་ཁོང་གི་གཡོག་བྱེད་ཞིབ་ཚགས་འོག་ས་མཐོའི་ཁོར་ཡུག་དང་འཕྲོད་དེ་སྡོང་ཕྲུག་རྐང་8000ལྷག་སྐྱེས་ནས་གསོན་ཚད་80%ཡན་ཟིན་ཏེ། སྙེ་མོ་རྫོང་ལ་ནང་སའི་ཁམ་སྡོང་གསོན་ཚད་མཐོ་བའི་ཟིན་ཐོ་ཡང་བཏོད་པ་རེད།

    འདི་ལོའི་ཟླ་3པར་མཁར་རུ་ཤང་གི་ནུས་ཆེའི་ཉི་འོད་དྲོད་ཁང་ཆེ་མོ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ལོ་གཉིས་ཀྱི་ཁམ་སྡོང་འདེབས་འཛུགས་ཉམས་མྱོང་ལྡན་ལ་དྲོད་ཁང་ཆེ་མོར་ཚད་མཐོའི་རང་འགུལ་ཅན་དུ་གྱུར་བའི་འདེབས་འཛུགས་སྒྲིག་ཆས་ལྡན་པས་མཉམ་ལས་ཁང་གི་ལས་མི་སྒྲིག་འཛུགས་བྱས་ནས་དྲོད་ཁང་ཆེ་མོའི་ནང་འདེབས་འཛུགས་བྱས་པའི་སྡོང་ཕྲུག་རྐང་2560ལྷག་ཚང་མ་གསོན་ཐུབ་པ་བྱུང་ཡོད། ལོ་3རིང་ཁམ་སྡོང་བཏབ་ནས་ཤང་ཡོངས་ཀྱི་མང་ཚོགས་དབུལ་པོ་དེ་གར་གླ་པ་རྒྱུག་པ་ལས་ཡོང་འབབ་སྒོར་ཁྲི་35བྱུང་ཡོད་པ་རེད།

    ཁམ་སྡོང་ལ་ལྟ་བཞིན་ཝང་རུང་ཧྭ་ལ་ད་དུང་ཕུགས་འདུན་བཟང་པོ་ཞིག་ཡོད་པ་སྟེ། དཀའ་བ་ལོ་གསུམ་བཞི་སྤྱད་ནས་དེ་གར་མིང་དོན་མཚུངས་པའི“ཁམ་བུའི་མེ་ཏོག་གི་འབྱུང་གནས”དང“ཁམ་སྡོང་གི་འབྱུང་གནས”ཤིག་གཏོད་རྒྱུ་དེ་ཡིན་པ་རེད། “ཕྱིས་སུ་ཚང་མས་ཁམ་བུའི་མེ་ཏོག་གི་སྐོར་གླེང་ཚེ་མཁར་རུ་ཤང་དྲན་ཐུབ་པ་བྱ་རྒྱུ་ནི་ངའི་ཕུགས་འདུན་ཡིན”ཞེས་ཝང་རུང་ཧྭ་ཡིས་བཤད།

    སྙེ་མོ་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཧང་ཐན་སྔོ་ཚལ་དྲོད་ཁང་ཆེ་མོར་སྐྱོད་སྐབས། སུར་པན་དང་། ཀྲོ་མ་ཀྲུ། ཞི་ཧུའུ་ལུའུ། ཆེ་ཙི། ཧོང་ཀྭ ནན་ཀྭ ཤིས་ཀྭ་སོགས་ཤིང་འབྲས་དང་སྔོ་ཚལ་གང་དགོས་ཚང་མ་ཡོད་པ་རེད།

    ཐོན་ལས་གླིང་གིས་ཞིང་ལས་མཉམ་འབྲེལ་སྒྲིག་གཞིའི་གཉེར་སྐྱོང་བྱེད་སྟངས་སྤྱད་ནས་རྫོང་ས་གཙང་ཀུང་སིའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཤེས་ལྡན་པ་ནང་འདྲེན་དང་གསོ་སྦྱོང་བྱས་ཏེ་ཆེད་ལས་ཅན་གྱི་ཁེ་ལས་གཉེར་སྐྱོང་དཔུང་ཁག་འཛུགས་རྒྱུ་དེ་རྣམ་གྲངས་གཉེར་སྐྱོང་གི་བྱེད་པོར་བརྩིས་ཏེ་སྙེ་མོ་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མཉམ་ལས་ཁང(དུད་ཚང་98གི་མི་98)གིས་ཐོན་སྐྱེད་བྱེད་རྒྱུར་སྐུལ་ཁྲིད་བྱས་ནས“ཏང་རྩ་འཛུགས་དང་། སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཟུང་དུ་སྦྲེལ་བའི”ཆེད་ལས་ཅན་གྱི་གཉེར་སྐྱོང་དང་དབུལ་པོར་སྣེ་ཁྲིད་ཀྱི་ལམ་སྲོལ་ཆགས་པར་བྱས།

    དེང་རབས་ཅན་གྱི་འདེབས་འཛུགས་དང་ཚན་རིག་དབུལ་སྐྱོར་ལམ་སྲོལ་ཕུད་དེ་གར་སྔོ་ཚལ་འདེབས་འཛུགས་ཀྱི“སྣེ་ཁྲིད་པ”སྟེ། སྙེ་མོ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཧྲི་ཅེ་ཡོད་པ་རེད།

    ས་བབ་མཐོ་ཚད་སྨི་4200ཡི་སར་སྔོ་ཚལ་དྲོད་ཁང་ཆེ་མོ་བསྐྲུན་པར་ས་རྒྱུ་དང་གནམ་གཤིས་སོགས་ཀྱིས་རྐྱེན་པས་སྔོ་ཚལ་གསོན་ཚད་ཧ་ཅང་དམའ་པོ་ཡོད། ཐོན་ལས་གླིང་དུ་ཐོག་མར་སླེབས་སྐབས་སྔོ་ཚལ་གྱི་མྱུ་གུ་གསོན་ཚད་ལ་ལྟ་བཞིན་ཀྲང་ཧྲི་ཅེས་གང་སར་ཆེད་ལས་མི་སྣ་འཚོལ་བར་ཕྱིན་ནས་མཐར་སྟག་རྩེ་ཆུས་སུ་སྔོ་ཚལ་བཏབ་ནས་ལོ་20སོང་བའི་མཱ་དབྱིན་ཧྭ་རྙེད།

    ལོ་ལྟར་སྔོ་ཚལ་བཏབ་ནས་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ཟིན་པའི་མཱ་དབྱིན་ཧྭ་འཕྲད་པ་དེས་ཀྲང་ཧྲི་ཅེ་ཡི་སྔོ་ཚལ་གསོན་ཚད་ལ་རེ་བ་བྱུང་ནས་ཁོང་དེ་བས་བྲེལ་བརྩོན་ཆེ་བར་གྱུར་ཞིང་། མཱ་དབྱིན་ཧྭ་ཡིས་སྔོ་ཚལ་གང་འདེབས་པ་དང་ཇི་ལྟར་འདེབས་པ་ཀྲང་ཧྲི་ཅེས་སེམས་ལ་གསལ་པོར་ངེས། དུས་ཚོད་རིམ་གྱིས་འདས་པ་དང་ཆབས་ཅིག་སྔོ་ཚལ་ཡག་པོ་སྐྱེས་པ་དང་ཀྭ་རིགས་དང་ཤིང་འབྲས་སྨིན་ནས་མཱ་དབྱིན་ཧྭ་ཡིས་ཀྲང་ཧྲི་ཅེ་ལ་ལོ་ཕྱེད་ཙམ་རོགས་པ་བྱ་རྒྱུ་ཁས་བླངས་པའི་དུས་ཚད་ཀྱང་འཐིམས།

    ཐོན་ལས་གླིང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་མཐོང་སྐབས་ཀྲང་ཧྲི་ཅེ་སྟག་རྩེ་ཆུས་སུ་ཐེངས་འགའ་བསྐྱོད་དེ་མཱ་དབྱིན་ཧྭ་སྙེ་མོར་མུ་མཐུད་སྡོད་རྒྱུའི་རེ་བ་བཏོན། མཐར་མཱ་དབྱིན་ཧྭ་བློ་བདེ་པོའི་ངང་ལས་ཀ་བྱེད་ཐུབ་ཆེད། ཀྲང་ཧྲི་ཅེས་མཱ་དབྱིན་ཧྭ་ཡི་བཟའ་ཟླ་ཡང་མཉམ་དུ་ཀྭ་རིགས་དང་སྔོ་ཚལ་འདེབས་འཛུགས་ལས་ལ་གཞོལ་རྒྱུར་བསྐོངས།

    “སྙེ་མོ་རྫོང་གིས་ལས་བྱེད་པའི་དཔུང་ཁག་གི“སྣེ་ཁྲིད་པར”དམ་འཛིན་དང་ལས་བྱེད་པས་ཐོན་ལས་དམ་འཛིན་བྱེད་པའི་ལས་དོན་སྤེལ་བས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ནས་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། དུས་རབས་གསར་པར་མུ་མཐུད་འབད་འཐབ་བྱེད་པར་འཚོ་བཅུད་གསར་པ་རྒྱུན་མི་ཆད་པ་བསྣན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392540341