བོད་ལྗོངས།
བོད་ལྗོངས་ཀྱིས་བདེ་ཐང་ཇ་ཁྱབ་སྤེལ་ཚོད་ལྟ་བྱས་པ།

    ཉེ་ཆར། ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱི་བདེ་ཐང་ཇ་ཁྱབ་སྤེལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། རང་སྐྱོང་ལྗོངས་བདེ་ཐང་ཇའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས《བདེ་ཐང་ཇ་ཁྱབ་སྤེལ་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཇུས་གཞི》བཏོན་ཞིང་། ཇུས་གཞི་དེར་གཞིགས་ན། རང་ལྗོངས་ཀྱིས་འདི་ལོ་ནས་བཟུང་ཆབ་མདོ་དང་། ནག་ཆུ། མངའ་རིས་སོགས་གྲོང་ཁྱེར་དང་ས་ཁུལ་དུ་བདེ་ཐང་ཇ་ཁྱབ་སྤེལ་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་སློབ་གསོའི་སྡེ་ཚན་གྱིས་ཞག་སྡོད་ལམ་ལུགས་ཀྱི་སློབ་མ་ཁྲི་1.2ལ་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དང་། དམངས་སྲིད་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང“གཅིག་སྡུད་གཉིས”ཀྱི་མི་ཁྲི་5ལ་ཚོད་ལྟའི་ལས་དོན་སྤེལ་རྒྱུ། མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱིས་ནག་ཆུ་དང་། ཆབ་མདོ། མངའ་རིས་བཅས་ཀྱི་ཞིང་འབྲོག་པ་ཁྲི་2ལ་ཚོད་ལྟའི་ལས་དོན་སྤེལ་ནས། རང་ལྗོངས་ཀྱི་ལྗོངས་བབ་དང་འཚམ་པའི་བདེ་ཐང་ཇ་ཐོན་སྐྱེད་དང་། མཁོ་འདོན། ཕྱིར་ཚོང་བཅས་ཀྱི་ཞབས་འདེགས་ཞུ་སྟངས་ཤིག་སྔར་བས་འཚོལ་ཞིབ་བྱས་ནས་ཉམས་མྱོང་ཡག་པོ་བསགས་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”རིང་བདེ་ཐང་ཇ་རང་ལྗོངས་སུ་ཕྱོགས་ཡོངས་ནས་ཁྱབ་སྤེལ་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

    མཐའ་མཚམས་ལ་འཚོང་བའི་ཇ་ཐོན་འཚོང་ཁུལ་ཡིན་པའི་རང་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བདེ་ཐང་ཇ་ཁྱབ་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་པ་མ་ཟད། ད་དུང་བདེ་ཐང་ཇ་ཁྱབ་སྤེལ་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་ཡང་བཙུགས་ནས། སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་4འཚོགས་ཏེ་འབྲེལ་ཡོད་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད། ལས་དོན་དེར་འགོ་ཁྲིད་བྱེད་མཁན་སྡེ་ཚན་ཡིན་པའི་ཆ་ནས། ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དབར་མཐུན་སྦྱོར་དམ་ཟབ་བྱས་ཐོག་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གཙོ་གནད་ཡོད་པ་དང་། བརྒྱུད་རིམ་ལྡན་པ། གོ་རིམ་ཡོད་པ་བཅས་ཀྱི་སྒོ་ནས་བདེ་ཐང་ཇ་ཁྱབ་སྤེལ་གཏོང་བའི་ལས་དོན་ཁག་སྤེལ་བས། བདེ་ཐང་ཇ་ཁྱབ་སྤེལ་བྱེད་པའི་ལམ་སྲོལ་དང་རྣམ་པ་ནུས་ལྡན་ཆགས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392788271