བོད་ལྗོངས།
སྔོན་མའི་མྱ་ངམ་ཐང་ད་ཆ་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་གྲོང་ཚོར་གྱུར་པ།

    —— བོད་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་གྲོང་ཚོ་ཚྭ་ཆུ་ཐང་གྲོང་ཚོའི་སྐོར་གྱི་དངོས་བྲིས།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སྐལ་བཟང་དཔལ་འབྱོར་དང་སྐལ་བཟང་རྣམ་རྒྱལ།

    ▲ ཚྭ་ཆུ་ཐང་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་བདེ་སྐྱིད་ཀྱིས་2017ལོའི་དུས་ཐེངས་དང་པོར་འདི་གར་དུད་ཚང་150ཡི་མི་གྲངས་683སྤོས་ཡོད།

    ▲ ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་དབང་གྲགས་ཀྱིས་སྔོན་ཆད་ནོར་ལུག་འཚོས་ནས་ལྟོ་གོས་འཁྱོལ་ཐབས་བྱེད་ཀྱི་ཡོད། ཚྭ་ཆུ་ཐང་གྲོང་ཚོར་གནས་སྤོ་བྱས་རྗེས་ཁོང་གིས་གྲོང་ཚོའི་བུ་བཅོལ་ཁང་དུ་བདེ་སྲུང་བ་བྱེད་པ་དང་བཟའ་ཟླ་གྲོང་ཚོའི་མཉམ་ལས་ཁང་དུ་ཀམ་པ་ལི་འཐག་པ་སོགས་ཀྱི་ལས་ཀར་འགྲོ་གི་ཡོད།

    ▲ “ད་ཆ་གང་དགོས་ཚང་མ་ཡོད། ངས་ནང་མིའི་གཟུགས་པོ་བདེ་ཐང་དང་འཚོ་བ་བདེ་སྐྱིད་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་དབང་གྲགས་ཀྱིས་བཤད།

    “ག་ལེར་ཤོག བྲེལ་བ་མ་བྱེད”ལོ་46ལ་སླེབས་པའི་བློ་བསྟན་གྱིས་སྒོ་རའི་ནང་ཆམ་ཆམ་བྱེད་བཞིན་པའི་བཟའ་ཟླར་དེ་ལྟར་བཤད། ཁོང་གིས“སྤོས་མ་ཐག་དང་བསྡུར་ན་ནད་གཞི་དྲག་ཏུ་ཕྱིན་འདུག་པས་སེམས་སྐྱིད་པོ་འདུག”ཅེས་བཤད།

    དེ་ནི་ཉིན་ཤས་གོང་གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་ཚེས་བཅུ་ཐང་གྲོང་ཚོའི་བློ་བསྟན་ཁྱིམ་ནས་མཐོང་བའི་གནས་ཚུལ་ཞིག་རེད། འདི་གར་སྔོན་ཆད་མྱ་ངམ་ཐང་ཡིན་པས་མི་རྣམས་ཀྱིས“འབྲི་གཡག་ཀྱང་འཚོ་ཐབས་བྲལ་བའི་གནས་རེད”ཅེས་འབོད་པ་དང་། ད་ཆ་འཁྲུག་ཆ་དོད་ལ་བདེ་སྐྱིད་ལྡན་པའི་གྲོང་ཚོར་གྱུར་ཡོད།

    བློ་བསྟན་གྱི་ཕ་ཡུལ་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གྲོ་བ་ཤང་ནས་ཡིན་ཞིང་། དེ་གར་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པས་གསོ་རླུང་དཀོན་ལ་གནམ་གཤིས་ཧ་ཅང་གྲང་ངར་ཆེན་པོ་ཡོད། རང་བྱུང་གི་ཆ་རྐྱེན་ཞན་པས་བློ་བསྟན་གྱི་བཟའ་ཟླ་བདེ་སྐྱིད་ལ་གྲུམ་བུའི་ནད་ཕོག་ནས་ངལ་ནུས་ཤོར་ཡོད།

    2011ལོར་བདེ་སྐྱིད་ཀྱི་ནད་གཞི་ཇེ་སྡུག་ཏུ་སོང་ནས་མལ་སར་ལུས། བློ་བསྟན་གྱིས་བཟའ་ཟླའི་ནད་གཞི་སྨན་བཅོས་བྱ་ཆེད་ཁྱིམ་གྱི་ལུག་བཙོངས་ནས་ལྷ་སར་སྨན་པ་བསྟེན་པར་ཕྱིན། འོན་ཀྱང་ནད་གཞི་དྲག་སྐྱེད་མ་བྱུང་བར་འཚོ་བའི་ཆ་རྐྱེན་སྔོན་ཆད་ལས་ཞན་དུ་ཕྱིན་པས། ལོ་དེ་རང་ལ་བློ་བསྟན་གྱི་ཁྱིམ་ཚང་དབུལ་པོར་གྱུར།

    ཞིང་འབྲོག་པ་ནད་གཞིས་རྐྱེན་པས་དབུལ་པོར་བསྒྱུར་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བསྟན་འདྲ་བའི་ས་བབ་མཐོ་བའི་ས་ཁུལ་དུ་འཚོ་གནས་བྱེད་པའི་ཁྱིམ་ཚང་ས་བབ་བལྟོས་བཅས་ཀྱིས་དམའ་བ་དང་ས་འོག་ཚ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡངས་པ་ཅན་དུ་གཅིག་སྡུད་གནས་སྤོ་བྱ་རྒྱུའི་ཐག་གཅོད་བྱས་པ་མ་ཟད། གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གྲོང་ཚོར་ནད་ཀྱིས་མནར་བའི་གྲོང་མིར་སྨན་བཅོས་བྱེད་པར་མངགས་པ་རེད།

    ཚྭ་ཆུ་ཐང་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་བདེ་སྐྱིད་ཀྱིས་2017ལོའི་དུས་ཐེངས་དང་པོར་འདི་གར་དུད་ཚང་150ཡི་མི་གྲངས་683སྤོས་ཡོད། དེའི་ནང་མི་204ལ་གྲུམ་བུའི་ནད་ཕོག་ཡོད། གནས་སྤོས་མང་ཚོགས་ཀྱི་ནད་གཞི་སྨན་བཅོས་བྱ་ཆེད། ལོ་དེར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གྲོང་སྡོད་ལས་དོན་རུ་ཁག་ཐེངས་དང་པོ་མངགས་པ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་འདི་གར་གྲུམ་བུའི་ནད་འགོག་བཅོས་ཞིབ་འཇུག་གི་ཡངས་པ་ཅན་རྟེན་གཞི་བསྐྲུན་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་བདེ་སྐྱིད་ཀྱིས་པེ་ཅིང་དུ་ཐེངས་གཉིས་བསྐྱོད་ནས་སྨན་རིན་མེད་པའི་པུད་ཚིགས་གཤགས་བཅོས་བྱས་པ་དང་དུས་རྒྱུན་བོད་ལུགས་གསོ་རིག་གི་ལུམས་བརྒྱབ་པས་ད་ཆ་གོམ་པ་རེ་གཉིས་སྤོ་ཐུབ་ཀྱི་ཡོད། “དུས་རྒྱུན་ངས་སྒོ་རའི་ནང་འཆམ་འཆམ་བྱེད་ཀྱི་ཡོད། སྨན་པས་དེ་ལྟར་བྱས་ན་ནད་གཞི་དྲག་ཏུ་འགྲོ་གི་རེད་གསུང་གི་འདུག”ཅེས་ཁོ་མོས་བཤད།

    ཟླ་བ་ཚེ་རིང་འདི་ལོའི་ཟླ་དང་པོར་ཚྭ་ཆུ་ཐང་དུ་སླེབས་པ་དང་། ཁོང་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་རེད། ཁོང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་2017ལོར་གྲོང་སྡོད་ལས་དོན་རུ་ཁག་མངགས་པ་ནས་བཟུང་། བྱིས་པ་བདུན་ལ་ལྷན་སྐྱེས་སྙིང་ནད་ཡོད་པ་སྔ་རྗེས་སུ་གྲལ་བཤེར་ཐུབ་པ་དང་། དེའི་ནང་ནས་བྱིས་པ་ལྔ་པེ་ཅིང་དུ་གཤགས་བཅོས་བྱེད་པར་མངགས་པ་དང་བྱིས་པ་གཉིས་གཤགས་བཅོས་བྱེད་པའི་ཆ་རྐྱེན་འཛོམས་མེད་པས་ད་ལྟ་བརྟག་དཔྱད་བྱེད་སྒང་རེད་ཅེས་གསར་འགོད་པར་བཤད་བྱུང་།

    གཞན་ཡང་གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་ད་རྒན་ནད་དང་སྒལ་ཚིགས་སྒུག་པ་སོགས་ལ་གྲལ་བཤེར་སྨན་བཅོས་བྱས་ཏེ་གྲོང་མིའི་བདེ་ཐང་འགན་སྲུང་བྱས་པ་རེད།

    ནད་གཞི་ཡོད་ན་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་ཕུད། གྲོང་མི་ཚོའི་ཕྱུག་འགྱུར་ཐབས་ལམ་དེ་བས་ཡངས་སུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་ཚྭ་ཆུ་ཐང་གྲོང་ཚོས་སྔ་རྗེས་སུ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་ལ་མ་དངུལ་བཏང་བ་དང་། ལུག་སྡོམ་གསོས་རྟེན་གཞི་འཛུགས་གཉེར། ལག་ཤེས་བསླས་འཐག་མཉམ་ལས་ཁང་བཙུགས་ཏེ། ཁྱིམ་གྱི་སྒོ་རྩ་ནས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་རིམ་བཞིན་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་དབང་གྲགས་ཀྱིས་སྔོན་ཆད་ནོར་ལུག་འཚོས་ནས་ལྟོ་གོས་འཁྱོལ་ཐབས་བྱེད་ཀྱི་ཡོད། ཚྭ་ཆུ་ཐང་གྲོང་ཚོར་གནས་སྤོ་བྱས་རྗེས་ཁོང་གིས་གྲོང་ཚོའི་བུ་བཅོལ་ཁང་དུ་བདེ་སྲུང་བ་བྱེད་པ་དང་བཟའ་ཟླ་གྲོང་ཚོའི་མཉམ་ལས་ཁང་དུ་ཀམ་པ་ལི་འཐག་པ་སོགས་ཀྱི་ལས་ཀར་འགྲོ་གི་ཡོད།

    “ད་ཆ་གང་དགོས་ཚང་མ་ཡོད། ངས་ནང་མིའི་གཟུགས་པོ་བདེ་ཐང་དང་འཚོ་བ་བདེ་སྐྱིད་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་དབང་གྲགས་ཀྱིས་བཤད།

    ཚྭ་ཆུ་ཐང་དུ་སྐྱོད་སྐབས་རིམ་པ་སྟར་ཆགས་ཀྱི་བོད་བཟོའི་ཐོགས་བརྩེགས་ཁང་པ་དང་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་ཡོད་པ་དང་། གྲོང་མིའི་སྡོད་ཁང་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ད་དུང་ཆུ་ཚན་ལུས་འཁྲུད་ཁང་ཡོད་པས། གྲོང་མིའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་འདུག

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393664471