བོད་ལྗོངས།
ཡིད་འོང་གྲོང་གསེབ་རི་མོ་ཇི་ལྟར་མཛེས།

    —— ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལས་ཀའི་བཀྲག་མདངས་འཚེར་ས་ཡང་ཡང་མངོན་པ།

    ཉེ་བའི་ལོ་ཤས་རིང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་འཆར་འགོད་དོན་འཁྱོལ་ཧུར་ཐག་བྱས་པ་དང་། སྤྱི་ཚོགས་ལས་རིགས་ཁག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཧུར་ཐག་ཞུགས་ནས་དཀའ་སྤྱད་ངལ་རྩོལ་བྱས་པ་ལས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་མ་ཐེབས་ནས་དེ་སྔ་མངོན་གསལ་དེ་ཙམ་མེད་པའི་གྲོང་སྡེ་ཆུང་ཆུང་ཚང་མར་འཕོ་འགྱུར་བྱུང་སྟེ་ཡར་ཀླུང་གི་བུ་ཕྲུག་ཚོས་གྲོང་ཚོའི(གྲོང་ལྷན)ཁོར་ཡུག་ལེགས་སུ་སོང་བ་དང་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་བཞིན་ཡོད།

    “སྔོན་ཆད་གྲོང་ཚོར་གནམ་གཤིས་ཡག་པའི་སྐབས་སུ་ཐལ་རྡུལ་གང་སར་འཕྱུར་བ་དང་། ཆར་པ་འབབ་སྐབས་ལུས་པོ་ཡོངས་འདམ་བག་གིས་འཚོས་པ། གད་སྙིགས་ལྷག་པས་འཁྱེར་བ། བཙོག་ཆུ་རླངས་འགྱུར་ལ་བརྟེན་པ་བཅས་རེད། ད་ཆ་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལ་བརྟེན་ནས་གྲོང་ཚོར་ཆེད་མངགས་གསང་སྤྱོད་བརྒྱབ་པ་དང་སྙིགས་གཞོང་བཙུགས་ཤིང་། སྙིགས་འདྲེན་རླངས་འཁོར་དང་ཆུ་གཏོར་རླངས་འཁོར་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་གད་པས་གྲོང་ཚོ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་གྱི་ཡོད། ཁོར་ཡུག་ལེགས་སུ་ཕྱིན་པ་དང་མི་རྣམས་ཀྱང་དང་དོད་ཆེ་རུ་ཕྱིན་ཡོད” གོང་དཀར་རྫོང་འབོད་སྣང་སྡེ་ཁུལ་དུ་སྐྱོད་སྐབས་ལྗོན་ཤིང་མང་པོ་སྐྱེས་པ་དང་སྤུས་ཀ་དག་པའི་བོད་བཟོའི་ཐོག་ཁང་གང་སར་གནས་ཤིང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རེ་རེ་ལྷབ་ལྷུབ་ཏུ་གཡོ་བ། གྲོང་སྡེའི་སྲང་ལམ་དང་ཁང་པའི་རྒྱབ་མདུན་གང་སར་བྱ་བྱིའུ་གསུང་སྐད་སྙན་པ། སློབ་གྲྭ་གྲོལ་རྗེས་སློབ་མ་ཚོས་དཔེ་ཁུག་ཁུར་ནས་དགའ་སྤྲོའི་ངང་ཁྱིམ་དུ་ལོག་པ་སོགས་རྣམ་པ་དེ་དག་མཐོང་སྐབས་གསར་འགོད་པར་བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་བྱུང་།

    “ང་ཚོའི་གྲོང་ཚོ་2006ལོར་གྲོང་ཚོ་རྙིང་པ་ནས་སྤོས་པ་ཡིན། དེ་སྔོན་གྱི་གྲོང་ཚོ་རྙིང་པར་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་སྡོད་གནས་ཀྱི་ཁོར་ཡུག་ཞན་པོ་ཡོད། གནས་སྤོས་བྱས་རྗེས་འབོད་སྣང་སྡེ་ཁུལ་གྱིས་གྲོང་ཚོའི་རྣམ་པ་བཅོས་སྐྱོང་དང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་ཚང་མའི་བདེ་སྡོད་ལས་བརྩོན་གྱི་ནང་དོན་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། ལོ་མང་རིང་གྲོང་ཚོ་འཛུགས་སྐྲུན་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་དང་ཚང་མའི་མཉམ་སྡེབ་ཀྱི་འདུ་ཤེས་ཇེ་ཆེར་འཕེལ་ནས་ཚང་མས་གྲོང་སྡེ་མཛེས་སྡུག་ལྡན་པར་འགྱུར་ཆེད་ལེགས་སྐྱེས་འབུལ་བཞིན་ཡོད”ཅེས་གྲོང་ལྷན་གྱི་ཀྲུའུ་རེན་བཀྲ་བཟང་གིས་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས་མྱོང་ཚོར་མང་པོ་ཡོད་པ་རེད།

    གསང་སྤྱོད་ཀྱི་གནད་དོན་ནི་དམངས་འཚོའི་གཞི་རྩའི་གནད་དོན་ཞིག་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་གཙོ་གནད་དང་དཀའ་གནད་ཡིན་ལ་གྲོང་གསེབ་ཀྱི་ཤེས་དཔལ་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན་པ་དེས་ཤང་སྲོལ་ཤེས་དཔལ་དང་སྡོད་མལ་གྱི་ཆུ་ཚད་མངོན་གྱི་ཡོད། པ་སངས་ཁྱིམ་གྱི་གསང་སྤྱོད་ལ་སྒྱུར་བཀོད་བྱས་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི“གསང་སྤྱོད་གསར་བརྗེའི”མཚོན་ཚུལ་ཞིག་རེད། ཐེ་ཚོམ་ཟ་བ་ནས་སེམས་ཐག་བཅད་པའི་བར་དང་། ལྟ་བ་ནས་ཞུགས་པའི་བར་མི་སེར་ཚོས་རྗེས་ལུས་ཐེབས་དོགས་ཀྱིས་གསང་སྤྱོད་གསར་བརྗེ་བྱས་པ་རེད།

    “གསང་སྤྱོད་གསར་བརྗེ”བྱེད་པའི་འགྱུར་ལྡོག་ནི་དྲི་མ་ཆུང་དུ་ཕྱིན་པ་ཙམ་མ་ཟད་འཕྲོད་བསྟེན་གྱི་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་ལ་ཡང་འགྱུར་ལྡོག་མཐར་ཕྱིན་པ་བྱུང་སྟེ་མཛེས་སྡུག་ལྡན་པའི་སྡོད་མལ་གྲོང་གསེབ་ལ་འགྱུར་ལྡོག་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས“གསང་སྤྱོད་གསར་བརྗེ”གཙོ་གནད་དུ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱེད་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་ཞན་ཆ་གསབ་པ། ནང་ངོས་སུ་སྤུས་ཚད་ལེགས་སུ་གཏོང་བ། ཕྱི་ངོས་སུ་གཟུགས་བརྙན་གཏོད་པ་བཅས་བྱས་ནས་འཕྲོད་བསྟེན་གཙང་སྦྲ་ལྡན་པ་དང་། ཁོར་ཡུག་མཛེས་སྡུག་ལྡན་པ། ཤེས་དཔལ་ཞི་མཐུན་ལྡན་པ་བཅས་ཀྱི་གྲོང་ཚོའི(གྲོང་ལྷན)ཁོར་ཡུག་བཏོད་ནས་གྲོང་གསེབ་གསར་པར“མཛེས་སྡུག་ལྡན་པ”ཙམ་མ་ཟད། དེ་བས“ཉམས་འགྱུར”གྱིས་ཁེངས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་བར་ཐོན་ཁུངས་ནི་རྨང་གཞི་རེད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་ལྷོ་ཁ་གྲོང་ཁྱེར་གྱིས་སོ་ཕག་གི་གྱང་དང་ལྕམ་ཤིང་རྫ་གཡམ་དག་ཐོག་ཁང་གསར་པར་བསྒྱུར་བ་ཙམ་མ་ཡིན་པར་ཐོན་ཁུངས་སྔོག་འདོན་གང་ལེགས་དང་གསར་གཏོད་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་སྐྱེད་ནུས་ཤུགས་ཀྱི་ལེགས་ཆར་བསྒྱུར་བ་དང་། སྣོད་བཅུད་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཡོད།

    མཛེས་ལྗོངས་ལྟ་ན་སྡུག་པའི་མཚོ་སྣ་རྫོང་ལེགས་པོ་རོང་སྔོན་ཆད་རི་མཐོ་གཡང་གཟར་དུ་གནས་ནས་གྲོང་ཁྱེར་དང་བར་ཐག་ཆོད་ཡོད། ད་ཆ་དེ་གའི་སྤུས་དག་གི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཟམ་པ་བརྒྱབ་པ་དང་། ལམ་བཟོས་པ། སྡོད་ཁང་གསར་པ་བརྒྱབ་པ་བཅས་བྱས་ཏེ་མགྲོན་ཁང་གཉེར་བ་དང་། ཁྱད་ལྡན་ཐོན་ཟོག་བཙོངས་པ། རི་མཐོའི་ཇ་ར་གཉེར་བ་བཅས་བྱས་པས་དུད་ཚང་ཚང་མར“ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བྱུང་སྟེ”ཞིང་འབྲོག་པའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད་པ་རེད།

    “ང་ཚོའི་དེ་གར་འཛུགས་སྐྲུན་ཡག་པོ་བྱས་པས་རིག་གནས་ཐང་ཆེན་དང་པིང་ཅང་ལམ་ཆེན་བཅས་ཚང་མ་བསྐྲུན་པ་དང་། ཆུ་དང་། གློག ལམ། དྲ་བ་སོགས་སྒྲིག་བཀོད་ཚང་མ་འཛོམས་ཡོད། དུད་ཚང་ཚང་མས་གློག་ཆས་གསར་པ་དང་ཁྱིམ་ཆས་གསར་པ་ཉོས་ནས་ད་ཆ་ང་ཚོའི་མཐའ་མཚམས་གྲོང་ཚོ་གྲོང་ཁྱེར་ལས་ཞན་པ་མེད”ཅེས་མཚོ་སྣ་རྫོང་མག་མང་མོན་པ་མི་རིགས་ཤང་མག་མང་གྲོང་ཚོའི་མང་ཚོགས་ཕུན་ཚོགས་འཇམ་དབྱངས་ཀྱིས་དགའ་སྤྲོའི་ངང་བཤད་པ་དང་། ཁོང་གིས“རང་ཉིད་ཆུང་དུས་དང་བསྡུར་ན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་བཤད། དེ་ཙམ་མ་ཟད་ང་ཚོའི་འདི་གར་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་དང་རི་མཐོའི་ཇ་ར་གཙོ་གནད་འཕེལ་རྒྱས་བཏང་སྟེ་མཉམ་སྡེབ་དཔལ་འབྱོར་ཚ་ཚ་འུར་འུར་ངང་སྤེལ་བ་མ་ཟད། ད་དུང་རིགས་ཁག་གི་རྨང་གཞིའི་སྒྲིག་བཀོད་ཀྱང་མགྱོགས་མྱུར་རིམ་པ་སྤོར་བཞིན་ཡོད་པས་ཡུལ་སྐོར་བ་ཇེ་མང་དུ་སོང་སྟེ་རང་ཁྱིམ་གྱི‘ཞིང་ཁྱིམ་སྤྲོ་སྐྱིད་ཁང’ལའང་སྡོད་ས་རག་གི་མི་འདུག”ཅེས་བཤད།

    ཁོར་ཡུག་མཛེས་སྡུག་ལྡན་པར་གྱུར་པ་ཙམ་མ་ཟད། གྲོང་གསེབ་ཀྱི་མང་ཚོགས་ཀྱི་སྐྱིད་སྣང་ཐོབ་སྣང་དང་དེ་བས་འབྲེལ་བ་ཡོད། ད་ཆ“མཛེས་སྡུག་ལྡན་པའི་གྲོང་གསེབ”ལྷོ་ཁའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ནས་གནའ་བོའི་ས་གཞིའི་ཐོག་གི་གྲོང་སྡེ་དེས་མི་རྣམས་དེ་བས་ལུས་སེམས་བག་ཕེབས་སུ་གྱུར་པར་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393720261