བོད་ལྗོངས།
འབྲུ་རིགས་སྣ་ལྔ་འབྲས་བུའི་ཁུར་གྱིས་ལྗིད། ཨ་ཁུ་ཞིང་པའི་འཛུམ་ཞལ་ལྷུག་པོར་གྲོལ།

    “བོད་ཀྱི་འབྲུ་མཛོད”ཀྱིས་ལོ་ལེགས་ཀྱི་དུས་ཚིགས་བསུས་པ།

    འདི་ནི་པ་སྣམ་རྫོང་གི་མུའུ་ཁྲིའི་འདྲེ་ཚེར་མའི་སྣོད་བཅུད་ལྟ་སྐོར་ཐོན་ལས་གླིང་གི་ཟུར་ཞིག་ཡིན་པ།

    ཀྲུང་གོའི“ལྟོ་ཕོར”ཡག་པོ་བསྲུངས།

    ལོ་སྟོད་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་ཏོག་གསར་གློ་ཚད་རིམས་ནད་དང་དབྱར་དུས་ཀྱི་འབྲུབ་ཆུའི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་ནས་ཐོན་འཕར་དམིགས་ཚད་ལ་གཞིགས་པ་དང་དཔྱིད་རྨོད་དཔྱིད་འདེབས་དང་འབྲུབ་འགོག་ཐན་འགོག་གི་ལས་དོན་དམ་པོར་བཟུང་སྟེ། འདི་ལོ་ནས་མུའུ་ཁྲི་87.35བཏབ་པ་དང་། ནས་ཀྱི་སོན་བཟང་མུའུ་ཁྲི་84.95ཁྱབ་གདལ་བཏང་བ། ནས་ཞིང་མུའུ་ཁྲི་78ལ་ས་དཔྱད་ལུད་སྦྱོར་བཅས་བྱས་པས། ནས་ཐོན་འབོར་ཏུན་ཁྲི་40ཟིན་རེ་ཡོད་པ་རེད། རིམ་ཁག་ཞིང་འབྲོག་སྡེ་ཚན་དང་། ལག་རྩལ་མི་སྣ། ཞིང་འབྲོག་མང་ཚོགས་བཅས་ཀྱི་ཐུན་མོང་འབད་བརྩོན་འོག འབྲུ་རིགས་ཐོན་འབོར་སྤྱིར་ན་བརྟན་པོ་བྱུང་ནས་འབྲུ་འདེབས་ཞིང་པ་དང་ལྷག་དོན་དུ་མང་ཚོགས་དབུལ་པོའི་ཐོན་སྐྱེད་ཡོང་འབབ་འགན་ལེན་ནུས་ལྡན་བྱུང་བ་དང་སྦྲགས། འབྲུ་རིགས་མཁོ་སྤྲོད་བརྟན་པོ་དང་ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇཌ་དང་ལྷག་དོན་དུ་ནས་ཀྱི་ཐོན་སྐྱེད་བདེ་འཇགས་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

    ནས་ཀྱི་ཐོན་ལས་འཕེལ་རྒྱས་དང་ཐོན་ལས་དབུལ་སྐྱོར་གྱི་རྨང་གཞི་བརྟན་དུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་ནས་ཐོན་སྐྱེད་ཀྱི་གཞི་ཁྱོན་དང་འཚམ་པའི་གཉེར་སྐྱོང་བྱེད་སྟངས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཤུགས་ཆེན། ལག་ལེན་བསྟར་ཆོག་པའི་ནས་ཐོན་སྐྱེད་ཀྱི་ལྕག་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཁག་གི་ཐོན་སྐྱེད་ཧུར་སེམས་སྐོང་འཐེན་བཅས་བྱས་ནས་རྨོ་འདེབས་བསྡུ་གསུམ་གྱི་ཞིང་འཕྲུལ་སྒྲིག་ཆས་དང་ཞིང་ལས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ས་ཞིང་གཉེར་སྐྱོང་དབང་ཆ་ནང་བཤུག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཏེ་ཚད་གཞི་ཅན་དང་། གཞི་ཁྱོན་ཅན། ཞིབ་ལས་ཅན་བཅས་ཀྱི་འདེབས་འཛུགས་ལ་རྨང་གཞི་བཏིང་བ་རེད།

    འདི་ནི་པ་སྣམ་རྫོང་གི་མུའུ་ཁྲིའི་འདྲེ་ཚེར་མའི་སྣོད་བཅུད་ལྟ་སྐོར་ཐོན་ལས་གླིང་དུ་ས་གནས་དེ་གའི་མང་ཚོགས་ཀྱིས་འདྲེ་ཚེར་མ་འཐུ་བཞིན་པ།

    ཞིང་པའི“ཡོང་འབབ”འཕར།

    པ་སྣམ་རྫོང་གི་མུའུ་ཁྲིའི་འདྲེ་ཚེར་མའི་སྣོད་བཅུད་ལྟ་སྐོར་ཐོན་ལས་གླིང་དུ་མུའུ་7500ཡི་འདྲེ་ཚེར་མ་སྨིན་ཡོད། ལོ་24ལ་སླེབས་པའི་འཛོམས་པས་བློ་རྩེ་གཅིག་སྒྲིམ་གྱིས་འདྲེ་ཚེར་མ་དེ་དག་འཐུ་བཞིན་མཆིས། འདྲེ་ཚེར་མའི་སྡོང་པོར་དམར་ཐིང་ཐིང་གི་འབྲས་བཟང་སྨིན་པ་མཐོང་སྐབས། ཁོང་གི་ངོ་གདོང་ལས་དཀའ་བའི་འཛུམ་མདངས་འཕྱུར་བ་དང་། ཐོན་ལས་དེས་ཁོང་ཁྱིམ་གྱི་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ཡོད། ཁོང་གིས་རང་གི་ཕ་ཡུལ་དུ་ཡོད་པའི་ཐོན་ལས་གླིང་དུ་རྩྭ་ངན་འགོག་པ་དང་། ཡལ་ག་གཅོད་པ། ཆུ་འདྲེན་པ། འབྲས་བུ་འཐུ་བ་སོགས་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་རག་གི་ཡོད།

    ཐོན་ལས་གླིང་གི་འདྲེ་ཚེར་མའི་ཤིང་འབྲས་སྐམ་པོ་དང་། འདྲེ་ཚེར་མའི་ཇ། སྦྲང་རྩི། འདྲེ་ཚེར་མའི་ཁུ་བ། ཕབས་རྩི་གར་པོ་སོགས་ཀྱི་ཐོན་རྫས་རྒྱུན་ཆད་མེད་པར་ཞིབ་སྤེལ་དང་། ཐོན་སྐྱེད། གཉེར་འཚོང་བཅས་བྱས་པ་དང་བསྟུན་ནས་འཛོམས་པ་དང་འདྲ་བའི་མང་ཚོཌ་མང་པོ་ཞིག་གི་ཡོང་འབབ་མང་དུ་སོང་ཡོད། 2020ལོའི་ཟླ་7པའི་བར། ཐོན་ལས་གླིང་གིས་ཡུལ་དེའི་མང་ཚོགས་ལ་སྡོམ་རྩིས་བྱས་ན་ས་ཞིང་བོགས་དངུལ་སྒོར་ཁྲི་346ལྷག་ཙམ་སྤྲད་པ་དང་། རིམ་རྩིས་བྱས་ན། ཡུལ་དེའི་ངལ་ནུས་མི་སྤྱོད་དང་འཕྲུལ་ཆས་བོགས་དངུལ་སྒོར་ཁྲི་6000ལྷག་ཙམ་སྤྲད་ནས་ཁེ་ཕན་དང་འབྲེལ་བའི་དུད་ཚང་དབུལ་པོ་1592ལ་ཐོན་ལས་ཁེ་བཟང་དངུལ་སྒོར་ཁྲི་200ཙམ་བགོ་བཤའ་བརྒྱབ་པ་དང་། གཏན་འཇགས་ལས་ཞུགས་ལས་གནས་52མཁོ་འདོན་བྱས་པ། གནས་སྐབས་མི་སྤྱོད་ཚད་མང་ཤོས་ཉིན་ལྟར་མི་400ཙམ་ཟིན་གྱི་ཡོད།

    ལྗང་མདོག་གི་མཛེས་རྒྱན་སྤྲས།

    ལྗང་མདོག་ནི་ས་མཐོའི་ཞིང་ལས་ཀྱི་ཁྱད་ཆོས་ཤིག་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་ཡག་པོ་བསྲུང་རྒྱུ་ནི་ཀྲུང་ཧྭ་མི་རིགས་མཉམ་གནས་དང་འཕེལ་རྒྱས་ཀྱི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན་ཞེས་ནན་གསུང་གནང་ཡོད།

    གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ལིའུ་ཧུའུ་ཧྲན་གྱིས་གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཇོ་མོ་གླང་མའི་སྐྱེ་ལྡན་འདེབས་གསོའི་ལས་སྣོན་འཕེལ་རྒྱས་གཏོང་བ་དེ་ཞིང་ལས་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་བརྩིས་ནས་གངས་ལྗོངས་ཀྱི་དག་ཞིང་ནུས་ཤུགས་ཡོད་རྒུས་བསྲུངས་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་སྐྱེ་ལྡན་ལུད་ཁྱབ་གདལ་དང་བེད་སྤྱོད་ཧུར་ཐག་བཏང་ནས་འདེབས་ཁྱོན་མུའུ་ཁྲི་90ལྷག་ཙམ་ཟིན་ཏེ་མུའུ་ཁྲིའི་ཇོ་མོ་གླང་མའི་སྐྱེ་ལྡན་སྔོ་ཚལ་གྱི་པ་སྣམ་ཐོན་སྐྱེད་རྟེན་གཞི་བཙུགས་པ་དང་། འབྲུ་རིགས་ལྗང་མདོག་སྤུས་ཚད་ལེགས་པ་དང་ཕན་འབྲས་ཆེ་བའི་འཛུགས་གཏོད་དཔེ་སྟོན་ས་ཞིང་མུའུ་ཁྲི་73བཏོད་ནས“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཁས་ལེན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས། གནོད་མེད་ཞིང་ལས་ཐོན་རྫས་93ཁས་བླངས་པ་དང་། ལྗང་མདོག་བཟའ་བཅའ་7ཁས་བླངས་པ། སྐྱེ་ལྡན་ཞིང་ལས་ཐོན་རྫས་66ཁས་བླངས་པ། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་21ཁས་བླངས་པ་བཅས་ཀྱི“སྐྱེ་ལྡན་ཕ་ཡུལ·སྣོད་བཅུད་ཁྱིམ་གཞིས”ཀྱི་ཞིང་ལས་སྤུས་རྟགས་གཏོད་རྒྱུར་འཕེལ་རྒྱས་བྱུང་ཡོད་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394442321