བོད་ལྗོངས།
ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ། མི་ཚེའི་བཀྲག་མདངས་རབ་ཏུ་འཚེར།

    —— རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་རྒྱལ་ཁབ་ནས་ཀྱི་སོན་གསོ་གསར་གཏོད་ཚོཌ་པའི་དབུ་བཞུཌ་རིཌ་གཅིག་མཁས་ཅན་ཉི་མ་བཀྲ་ཤིས་འདས་པོའི་སྐོར་བཀོད་པ། (སྨད་ཆ)

    སྒེར་སེམས་མེད་པར་ལས་དོན་གོང་དུ་བཀུར་མཁན་བོད་ཀྱི་ཞིང་འབྲོག་ཚན་རྩལ་གྱི་སྣེ་ཁྲིད་པ།

    ལོ་དེ་དག་ནང་ཉི་མ་བཀྲ་ཤིས་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་གཞི་ཚུགས་ནས་ས་ཞིང་ཡོད་པའི་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་ཚང་མར་ཁོང་མཐོང་རྒྱུ་ཡོད།

    རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་བསྡོམས་རྩིས་གྲངས་གཞིར་གཞིགས་ན། ཉི་མ་བཀྲ་ཤིས་ལོ་ལྟར་གཞི་རིམ་དུ་ཉིན་100ལྷག་ཙམ་བསྐྱོད་པ་དང་ལམ་ཐག་སྤྱི་ལེ་ཁྲི་2ལྷག་ཙམ་ཟིན་གྱི་ཡོད་པ་དེ་ཧྲང་ཧའེ་ནས་གཞིས་རྩེའི་གཉའ་ནང་རྫོང་བར་རྒྱལ་ལམ་318ཐོག་ལོ་ལྟར་ཐེངས་4བསྐྱོད་པ་དང་ཧ་ལམ་མཚུངས།

    ཁོང་ལས་ཁུངས་ཀྱི་གཞུང་ལས་ཁང་དུ་སྙན་སེང་ཉན་པའི་དུས་ཚོད་ཧ་ཅང་ཉུང་ཉུང་ཡིན་ཞིང་། རླངས་འཁོར་ཐད་ཀར་ཞིང་ཁའི་མུ་ཁར་བཏང་སྟེ་ཞིང་པ་མང་ཚོགས་དང་མཉམ་དུ་ཞིང་ནང་དང་མུ་ཁར་བསྐྱོད་དེ་མཛུབ་ཁྲིད་རང་བཞིན་གྱི་སྤྱོད་གོ་ཆོད་པའི་བསམ་འཆར་འདོན་པ་དང་། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ས་ཞིང་མུའུ་རེར་སོན་སྤྱི་རྒྱ་ག་ཚོད་རྒྱག་དགོས་མིན་དང་ཞིང་སྨན་ག་ཚོད་རྒྱག་དགོས་མིན་གསལ་པོ་ཤོད་ཀྱི་ཡོད།

    ཚན་རྩལ་པ་ཁག་གཅིག་གཤམ་དུ་བསྐྱོད་དེ“ས་རྒྱུའི་བཞའ་ཚན་གྱི་གནས་ཚུལ”སོགས་ཆེད་ལས་ཀྱི་ཐ་སྙད་མང་པོ་སྤྱོད་ཀྱི་ཡོད་པས་ཞིང་པས་གསལ་པོ་ཤེས་ཀྱི་མེད། ཉི་མ་བཀྲ་ཤིས་ཀྱིས་ཞིང་ནང་དུ་བསྐྱོད་དེ་ས་ལ་མཛུབ་མོ་བཅུག་ནས་མཛུབ་ཚིགས་གང་གི་མཚམས་སུ་ས་སྐམ་པོ་ཡོད་ཚེ་ཞིང་ཆུ་གཏོང་དགོས་པ་སོགས་གསལ་པོར་བརྗོད་ཀྱི་ཡོད།

    ཁོང་རྟག་ཏུ་ཞིང་ནང་དུ་སྐྱོད་ཀྱི་ཡོད་པས་ཞིང་པ་ཚོས་ཁོང་ངོ་ཤེས་ཀྱི་ཡོད།

    ལོ་ཞིག་གི་ཟླ་བ་ལྔ་པར་ཉི་མ་བཀྲ་ཤིས་པ་སྣམ་རྫོང་དུ་བརྟག་ཞིབ་ལ་སྐྱོད་སྐབས་གྲོང་ཚོ་མང་པོར་བསྐྱོད་པ་དང་དུད་ཚང་སོ་སོའི་སྒོ་རའི་ནང་ཞིང་པ་ཚོའི་གནས་ཚུལ་ཞིབ་ཅིང་ཕྲ་བ་སྐད་ཆ་དྲིས།

    དེ་གར་མཉམ་དུ་ཡོད་པའི་ཚན་རྩལ་པ་ཚང་མ་ཚ་བས་བཟོད་མི་ཐུབ་པར་ཁོམ་པ་བཙལ་ནས་ཚ་གཡོལ་བྱེད་ཀྱི་ཡོད། འོན་ཀྱང་ཉི་མ་བཀྲ་ཤིས་སྔར་བཞིན་དེ་གར་ལངས་ནས་མུ་མཐུད་ཞིང་པ་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱས། ཉི་མ་བཀྲ་ཤིས་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་བཟང་པོ་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཀྲུང་གོ་ཆང་གིས་ཕྱིར་དྲན་བྱེད་བཞིན་དུ “དཔྲལ་བ་ཉི་མས་བསྲེགས་ནས་པགས་པ་འབུད་ཡོད་ནའང་ཁོང་ད་དུང་ཉི་མ་ཚ་པོའི་འོག་ཞིང་པར་འདེབས་འཛུགས་ཐད་ཀྱི་མཛུབ་སྟོན་བྱས་པ་སེམས་ལ་གསལ་པོར་དྲན་གྱི་འདུག”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

    ཞིང་འབྲོག་མང་ཚོགས་ཚོས་ཉི་མ་བཀྲ་ཤིས་ལ་ཡིད་ཆེས་ཆེན་པོ་བྱེད་པ་ནི་ཁོང་ཚོའི་མིག་ལམ་དུ་ཉི་མ་བཀྲ་ཤིས་ནི་སོ་ནམ་ལག་རྩལ་བྱང་ཆུབ་པ་ཞིག་ཡིན་པ་མ་ཟད། ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་མཁན་གྱི“མཆོག་ནོར”ལྟ་བུ་ཞིག་ཀྱང་རེད།

    2013ལོར“བོད་ནས་ཨང་2000པ”ལྗོངས་ཡོངས་སུ་གཞི་ཁྱོན་ཆེན་པོས་ཐོག་མར་ཁྱབ་གདལ་གཏོང་སྐབས་ཉི་མ་བཀྲ་ཤིས་ཆེད་མངགས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་དཀྱིལ་མཁར་གྲོང་ཚོར་བསྐྱོད་དེ་མང་ཚོགས་ལ་སོན་གསར་གྱི་དགེ་མཚན་ངོ་སྤྲོད་བྱས།

    “ཁོང་ཚོས་ང་དང་ཚན་རིག་ལ་ཡིད་ཆེས་མ་བྱས་པ་མིན་པ་ངས་ཤེས་ཀྱི་ཡོད། དེ་ནི་ཞིང་པའི་འབྱོར་འཁོས་ཞན་པས་གྱོང་གུན་ཕོག་དོགས་ཀྱི་སེམས་ཁྲལ་བྱས་ཏེ་དེ་སྔ་བཏབ་མྱོང་བའི་ས་བོན་རྙིང་པ་འདེབས་དགོས་རུང་ལོ་གཅིག་གི་དཀའ་ལས་འཕྲོ་བརླག་ཏུ་གཏོང་འདོད་མེད་པས་རེད”ཅེས་གྲོང་མི་ཚོའི་སེམས་ཁྲལ་ཐད་ཉི་མ་བཀྲ་ཤིས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

    ལོ་དེར་དཀྱིལ་མཁར་གྲོང་ཚོའི་གྲོང་མིས་སེམས་ཁྲལ་བྱེད་བཞིན་མུའུ་50ཚོད་འདེབས་བྱས་པ་དང“འོང་སྐོར”བཏང་རྗེས་བརྔ་བསྡུ་བྱེད་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་ཐོན་འབབ་དེ་སྔ་ལས་ལྡབ་གཅིག་གིས་མང་བ་བྱུང་བ་མ་ཟད། ཉི་མ་བཀྲ་ཤིས་ཀྱིས་བརྗོད་པའི་སོན་བཟང་གི་སྤུས་ཚད་ལྡན་པས། གྲོང་མི་ཚོས“བོད་ནས་ཨང་2000པ”ལ་རྦད་དེ་ཡིད་ཆེས་བྱུང་ཡོད།

    “བོད་ནས་ཨང་2000པ”ཁྱབ་གདལ་བཏང་བའི་ལོ་དེ་དག་ནང་ཉི་མ་བཀྲ་ཤིས་བོད་ཀྱི་འབྲུ་འདེབས་རྫོང་ཆེན་ཡོངས་ལ་བསྐྱོད་པ་དང་འདེབས་འཛུགས་བྱ་ཡུལ་ཚང་མར་མཛུབ་ཁྲིད་བྱེད་པར་བསྐྱོད་ཡོད། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ་ཡུས་ཏའེ་ལིན་གྱིས་ཁོང་ལ“དཀའ་ལས་དེ་འདྲ་རྒྱག་དོན་གང་གི་ཆེད་དུ་ཡིན་ནམ”ཞེས་དྲི་སྐབས་ཁོང་གིས“ལོ་ལེགས་བྱུང་བ་མཐོང་སྐབས་དེ་ནི་ངའི་བདེ་སྐྱིད་དང་སྤྲོ་སྣང་ཆེ་ཤོས་ཡིན”ཞེས་བརྗོད་ཀྱི་ཡོད།

    ལོ་འདི་དག་ནང་མི་མང་པོས་ཉི་མ་བཀྲ་ཤིས་ནི“བོད་ཀྱི་ནས་ཀྱི་ཡབ་ཆེན”ཞེས་འབོད་ཀྱི་ཡོད་རུང་། ཉི་མ་བཀྲ་ཤིས་ཀྱིས་ཁས་ལེན་གྱི་མེད། ཁོང་གིས་རྟག་ཏུ“ང་ལ་འཇོན་ཐང་དེ་འདྲ་མེད། ང་ཚོ་ཞིང་འབྲོག་ཚན་རིག་ཁང་ལ་བློ་མཐུན་རྒན་གྲས་དང་རིགས་གཅིག་མཁས་ཅན་རྒན་གྲས་མང་པོ་ཡོད་པས་ཁོང་ཚོས་ནས་ཀྱི་འཕེལ་རྒྱས་ལ་རྨང་གཞི་བཏིང་བ་མ་ཟད། ད་དུང་ཚོགས་པའི་མི་མང་པོ་ཞིག་གིས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ང་ལ‘ནས་ཀྱི་ཡབ་ཆེན’ཞེས་མ་འབོད་རོགས”ཞེས་བརྗོད་ཀྱི་ཡོད།

    དངོས་པོའི་ཆ་རྐྱེན་ཇེ་ལེགས་སུ་སོང་ན་མི་རྣམས་དེར་ཞེན་ཆགས་ཉེན་ཆེ། འོན་ཀྱང་ཉི་མ་བཀྲ་ཤིས་ཀྱིས་ཚན་རིག་མཁས་ཅན་གྱི་རིན་ཐང་ནི་རྒྱས་སྤྲོས་ཀྱི་འཚོ་བ་དང་སྙན་གྲགས་ཁོ་ན་མ་ཡིན་པར། རྒྱལ་ཁབ་དང་སྤྱི་ཚོགས་ལ་རིན་ཐང་སྔར་ལས་ཆེ་བ་བསྐྲུན་རྒྱུ་དེ་རེད། འོན་ཀྱང་དེ་དག་ཚང་མར་ཤེས་ལྡན་མི་སྣའི་འདེགས་སྐྱོར་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཉི་མ་བཀྲ་ཤིས་ཀྱི་རེ་འབོད་དང་སྐུལ་འདེད་ཤུགས་ཆེན་འོག་2016ལོའི་ཟླ་12པར་བོད་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་པོ་སྟེ། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བསྐྲུན་པའི་ནས་ཀྱི་སོན་བཟང་དང་འབྲི་གཡག་གི་རྒྱུད་པའི་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྲུན་རྒྱུའི་རྣམ་གྲངས་ལ་ཆོག་མཆན་ཐོབ་པ་མ་ཟད། ད་དུང“ནས་འདེབས་གསོ”དང“ནས་ཀྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི”གསར་གཏོད་ཚོགས་པ་གཉིས་དང་ཡོན་ཧྲིའི་ལས་དོན་ས་ཚིགས་ཀྱང་བཙུགས་ནས་བོད་ཀྱིས་ཞིང་འབྲོག་ལས་ཀྱི་ཆུ་ཚད་མཐོ་བའི་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ཀྱི་རྨང་གཞིའི་ཞིབ་འཇུག་བྱེད་པ་དང་ཕུལ་བྱུང་གི་ཚན་རིག་མཁས་ཅན་གསོ་སྐྱོང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    “ངས་ནས་ཀྱི་རྨང་གཞིར་ལོ་9ལྷག་ཙམ་ཞིབ་འཇུག་བྱས་པ་ཡིན། རྣམ་གྲངས་རེ་ཞུ་བྱེད་པར་སྐྱོད་མྱོང་མེད། རྣམ་གྲངས་ཀྱི་ཟིན་བྲིས་བཀོད་ཟིན་རྗེས་ཡོན་ཀྲང་ལ་སྤྲད་དེ་ཁོང་ཚོས་ཐིང་དང་ཅུས་ཁག་ཏུ་མཐུན་སྦྱོར་བྱེད་པར་སྐྱོད་ཀྱི་ཡོད། ཁོང་ནི་ཁྱིམ་བདག་ཞིག་དང་འདྲ་བར་ང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཡོད་ཚད་སེལ་གྱི་ཡོད་པས་ང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་ལས་ལ་གཞོལ་ན་འགྲིག”ཅེས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཞིབ་འཇུག་པ་འབུམ་རམས་པ་ཙེང་ཤིན་ཆོན་གྱི་མིག་ནང་དུ་ཉི་མ་བཀྲ་ཤིས་ནི་ནས་འདེབས་འཛུགས་ལས་རིགས་ཀྱི“ཕྱོགས་སྟོན”ཞིག་རེད་ལ་འགྲོགས་བདེ་གཤིབ་བདེའི་གཅེན་པོ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཚན་ཞིབ་མི་སྣ་ཚང་མར་ཐུགས་ཁུར་ཟབ་བཞེས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོའི་ཐོག་རང་ཉིད་ཀྱི་གནས་ཚད་འཚོལ་རྒྱུར་སྣེ་ཁྲིད་བྱེད་ཀྱི་ཡོད།

    ཉི་མ་བཀྲ་ཤིས་ཀྱི་སྐོར་གླེང་སྐབས་ཞིང་ལས་ཚན་རིག་ཁང་ཞིང་ལས་སུའོ་ཡི་ཞིབ་འཇུག་པ་གཞོན་པ་འབུམ་རམས་པ་ཟླ་བ་དོན་གྲུབ་ཀྱིས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ལ་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་སློབ་ཡོན་བཏོན་ནས་དེ་སྔ་མཐོང་མྱོང་ཡང་མེད་པའི་ཁོང་ལ་རབ་འབྱམས་པའི་སློབ་གནས་མཐར་མ་ཕྱིན་བར་དུ་རོགས་རམ་བྱས་པ་དེ་རེད། ཐ་ན་ཐེངས་ཤིག་ཉི་མ་བཀྲ་ཤིས་ན་ནས་སྨན་ཁང་དུ་སྡོད་རིང་ཟླ་བ་དོན་གྲུབ་ཀྱི་སློབ་ཡོན་སྤྲོད་དགོས་པའི་བརྡ་ཐོ་འབྱོར་སྐབས་ཁོང་གིས་བཟའ་ཟླ་ལྷག་ཆུང་ལ་དངུལ་བསྐུར་དགོས་པའི་མངག་བྱ་བྱས།

    2015ལོར། ཟླ་བ་དོན་གྲུབ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་འབུམ་རམས་པའི་སློབ་གནས་མཐར་ཕྱིན་རྗེས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དུ་ལས་བགོས་བརྒྱབ། ཁོང་གང་མགྱོགས་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། ཉི་མ་བཀྲ་ཤིས་ཀྱིས་ཁོང་ཆེད་མངགས་གྲོང་གསེབ་ཏུ་བརྟག་ཞིབ་བྱེད་པར་བཀོད་སྒྲིག་བྱས་ཏེ“ཁྱེད་རང་འབུམ་རམས་པའི་སློབ་གནས་མཐར་ཕྱིན་མ་ཐག་ཡིན་པས་མི་སེར་དང་འབྲེལ་གཏུག་བྱེད་པར་མང་ཙམ་སྐྱོད་དགོས”ཞེས་བརྗོད།

    ཟླ་བ་དོན་གྲུབ་ཀྱིས“ངས་རྒན་ལགས་ཁོང་གི་བསམ་ཚུལ་རྟོགས་ཀྱི་འདུག ཚན་རིག་ཞིབ་འཇུག་བྱེད་པར་ཏན་ཏན་ཏིག་ཏིག་བྱས་ཚེ་གཞི་ནས་རྒྱུན་འཁྱོངས་ཐུབ”ཅེས་བརྗོད།

    ཆ་རྡུལ་སྐྱེ་དངོས་རིག་པ་དང་རྒྱུད་འཛིན་སོན་གསོའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཚན་རྩལ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་ཀྱང་ཉི་མ་བཀྲ་ཤིས་ཀྱི་མིང་གྲགས་ལ་བརྟེན་ཏེ་མེས་རྒྱལ་གྱི་ས་གནས་ཁག་ནས་བོད་དུ་ཡོང་སྟེ་ནས་ཀྱི་སོན་གསོ་དང་། ཐོན་འབབ་མཐོ་བའི་འདེབས་གསོ། དཔེ་སྟོན་ཁྱབ་གདལ་དང་ཐོན་རྫས་སྤུས་ལེགས་ཞིབ་འཇུག་གསར་སྤེལ་ཚོགས་པ་དེ་སྔའི་མི་10ཡང་མ་ཟིན་པ་ནས་ད་ལྟའི་མི་40ལྷག་ཙམ་བར་རིམ་བཞིན་སྟོབས་ཆེར་ཕྱིན་ཡོད། ཁོང་གི་སློབ་སྟོན་འོག་གཞོན་ནུ་ཚན་ཞིབ་ལས་དོན་པ་ཁག་དང་ཁག་བྱས་ཏེ་བོད་ཀྱི་ཞིང་ནང་དང་མུ་ཁར་བསྐྱོད།

    དུས་ཡུན་ལོ་35རིང་ཉི་མ་བཀྲ་ཤིས་ཀྱིས་རང་ཉིད་གང་ཞིག་གི་ཆེད་དུ་འབད་བརྩོན་བྱེད་པ་དང་གང་ཞིག་གི་ཆེད་དུ་ད་བར་རྒྱུན་འཁྱོངས་བྱེད་པའི་དམིགས་ཡུལ་གཏན་ནས་བརྗེད་མྱོང་མེད། ཁོང་གིས་རྟག་ཏུ་ཞིང་འབྲོག་པ་དང་། ལས་བྱེད་ལས་བཟོ། ཚན་པ་བཅས་ཀྱི་ལས་ཀ་རང་ཉིད་སྒེར་གྱི་ལས་ཀར་བརྩི་ཡི་ཡོད།

    ཉི་མ་བཀྲ་ཤིས་ལ་གཅིན་སྙི་ཟགས་ཁུའི་ནད་ཡོད། ཉེ་བའི་ལོ་ཤས་རིང་ནད་གཞི་ཚབས་ཆེ་རུ་སོང་ནས་ཉིན་ལྟར་སྔ་དགོང་རེར་གཤེར་མའི་ཕུང་རྩི་རེ་རྒྱག་དགོས་ཀྱི་ཡོད། གཅིན་སྙི་ཟགས་ཁུ་ཕོག་མཁན་གྱིས་ལྟོ་ཆས་དུས་ཐོག་ཏུ་ཟ་དགོས། འོན་ཀྱང་ཉི་མ་བཀྲ་ཤིས་ཀྱིས་ལྟོ་དུས་ཐོག་ཏུ་ཟ་མྱོང་མེད།

    ཁོང་ལ་ཉིན་ལྟར་ཐུག་དགོས་པའི་མི་དང་བྱེད་དགོས་པའི་ལས་ཀ་མང་པོ་ཡོད། “ཡོན་ཀྲང་གིས་དུས་ཐོག་ཏུ་ཞལ་ལག་མཆོད་པ་མཐོང་མྱོང་མེད”སྐབས་རེ། ཉིན་བཅུ་ཕྲག་རིང་གཤེར་མའི་ཕུང་རྩི་རྒྱག་ཁོམ་མེད་པར་མགོ་ཡུར་འཁོར་ནས་བཟོད་ཐབས་མེད་པའི་སྐབས་གཞི་ནས་ལས་རོགས་ཚོར་ཏན་ཞིམ་ཡོད་མེད་སྐད་ཆ་དྲིས་ཀྱི་ཡོད་ཅེས་རང་སྐྱོང་ལྗོངས་ཞིང་ཚན་ཁང་ཞིང་ལས་སུའོ་ཡི་ཧྲུའུ་ཅི་རྒྱལ་པོས་ཕྱིར་དྲན་བྱེད་བཞིན་བརྗོད།

    གཅིན་སྙི་ཟགས་ཁུ་དང་། མཆིན་ཚད། མཁྲིས་རྡོ། ཕོ་བའི་ནད་སོགས་ལུས་པོའི་དབང་པོ་ཁག་གིས་སྔ་ས་ནས་ཉེན་བརྡ་བཏང་ཡོད་ཀྱང་ཉི་མ་བཀྲ་ཤིས་ཀྱིས་སྔར་བཞིན“ནམ་ཡང་མི་ཆད་པའི་འཕྲུལ་འཁོར”ཞིག་ལྟར་སྐུ་ལས་མང་པོ་བསྐྱོན་གྱི་ཡོད།

    ད་ལོ་རང་སྐྱོང་ལྗོངས་ཞིང་ཚན་ཁང་གིས་ཉི་མ་བཀྲ་ཤིས“བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”དཔྱད་འདེམས་ནང་ཞུགས་རྒྱུར་འོས་སྦྱོར་བྱས་ཡོད། དེ་ནི་བྱ་དགའ་སྒོར་ཁྲི་100ཙམ་ཡོད་པ་ཕུད་ད་དུང་ས་མཐོའི་ཚན་རྩལ་ལས་དོན་པའི་ཚེ་གང་གྲུབ་འབྲས་ཤིག་ཡིན།

    ཞིང་ཚན་ཁང་གིས་ཁོང་ལ་དཔྱད་གཞིའི་ཡིག་ཆ་གྲ་སྒྲིག་བྱས་ཀྱང་ཉི་མ་བཀྲ་ཤིས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་ཏེ“ཞིང་ཚན་ཁང་གི་རྒན་རབས་མང་པོ་དེ་དག་གིས་བོད་ཀྱི་ལས་དོན་ཆེད་ཚེ་གང་ཕྱག་ལས་གནང་ཡང་བྱ་དགའ་རག་མྱོང་མེད། ང་ད་དུང་ལས་ཐོག་ཏུ་ཡོད་པས་བྱ་དགའ་དེ་ལེན་ནུས་ས་མ་རེད”ཅེས་བརྗོད།

    མང་ཚོགས་ལ་ཕན་བདེ་བསྐྲུན་ནས་ཚེ་སྲོག་ལ་དོན་སྙིང་ལྡན་པར་བྱས་པ།

    གྲ་ནང་རྫོང་གྲ་ཐང་གྲོང་རྡལ་རྫ་ཡུལ་གྲོང་ཚོ་རི་སྐེད་དུ་གནས་པས་ཁོད་སྙོམས་པའི་ས་ཞིང་མང་པོ་མེད། དེ་གོང་ནས་སོན་ཡག་པོ་མེད་པས་སྡོང་རྐང་རིང་པོ་མེད་ལ་ཐ་ན་འབྲས་བུའང་སྨིན་གྱི་མེད་པས་ཐོན་འབབ་ཧ་ཅང་དམའ་པོ་ཡོད། སེར་བ་འབབ་ཐེངས་གཅིག་ལ་ཞིང་པས་ལོ་གཅིག་དཀའ་ལས་བརྒྱབ་པ་ཚང་མ་ཆུད་ཟོས་སུ་འགྲོ་གི་ཡོད། གནས་ཚུལ་དེ་2018ལོར“བོད་ནས་ཨང་2000པ”བཏབ་རྗེས་གཞི་ནས་འགྱུར་ལྡོག་སོང་ཡོད།

    ཉི་མ་བཀྲ་ཤིས་སྐུ་གཤེགས་རྗེས། ཁོང་གི་གཅེན་པོ་སངས་རྒྱས་ནོར་བུས་གཞི་ནས་གྲོང་མི་ཡོངས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བའི་སོན་དེ་གཅུང་པོས་གཙོ་སྐྱོང་བྱས་ནས་འདེམས་གསོ་བྱས་པ་གཞི་ནས་ཤེས་པ་རེད།

    བབ་ཆགས་པའི་ཞིང་པ་ཞིག་ཡིན་པའི་གཅེན་པོས་རང་ཉིད་ཀྱི་གཅུང་པོས་ལས་ཀ་གང་ཞིག་བྱེད་མིན་ཤེས་ཀྱི་མེད། ཁོང་གིས་ཉེ་བའི་ལོ་ཤས་རིང་གཅུང་པོའི་ལས་ཀ་བྲེལ་བརྩོན་ཆེན་པོ་ཡོད་པས་ཕ་ཡུལ་དུ་ལོག་ཐེངས་ཉུང་ཉུང་ཡིན་ལ། ལོག་ཐེངས་རེར་སྡོད་པའི་དུས་ཚོད་ཀྱང་ཉུང་ཉུང་རེད། སྐབས་རེ་ཁྱིམ་དུ་སླེབས་ནས་ཇ་ཧུབ་གང་འཐུང་ཁོམ་མེད་པར་ཁ་པར་སླེབས་ནས་ལས་ཀར་སྐད་གཏོང་གི་འདུག ཐ་ན་ཕ་མ་ཚེ་ལས་འདས་པའི་སྐབས་སུའང་ཕ་མའི་ངོ་ཐུག་པར་ཡོང་ཁོམ་བྱུང་མེད་ཅེས་བཤད།

    སངས་རྒྱས་ནོར་བུས་ན་ནིང་དཔྱིད་ཀའི་དགོང་མོ་ཞིག་ལ་བུ་སྤུན་གསུམ་མཉམ་དུ་འཛོམས་སྐབས་ཉི་མ་བཀྲ་ཤིས་ཀྱིས་ཁོང་ཚོར“བོད་ནས་ཨང་2000པ”ཡག་པོ་ཡོད་ལུགས་དང་འདེབས་སྟངས་འགྲེལ་བཤད་བརྒྱབ་པ་གསལ་པོར་ངེས་ཡོད། དེ་ནི་ཉི་མ་བཀྲ་ཤིས་ཕ་ཡུལ་དུ་ཞག་སྡོད་བྱེད་ཐེངས་མཐའ་མ་དེ་ཡིན་པ་སུས་སྙམ་གྱི་རེད་དམ།

    གཅིག་བྱས་ན་ཉི་མ་བཀྲ་ཤིས་ཚད་ལྡན་གྱི་བུ་ཕྲུག་སྲི་ཞུ་སྒྲུབ་མཁན་ཞིག་མིན་རུང་། བཟའ་ཟླ་ལྷག་ཆུང་གིས་ཉི་མ་བཀྲ་ཤིས་ཀྱི་ཕྲག་ཐོག་གི་འགན་འཁྲིར་བསམ་ཤེས་ཐུབ་ཀྱི་ཡོད་ལ། ཁོང་གི་ལྷག་བསམ་ཟོལ་མེད་ཀྱི་ཐོག་མའི་བསམ་འདུན་ལ་ཡང་བསམ་ཤེས་ཐུབ་ཀྱི་ཡོད་པ་རེད།

    ལས་ཀ་ཞིག་བྱས་ཚེ་ཉི་མ་བཀྲ་ཤིས་ཀྱིས་ཟ་མ་ཟ་རྒྱུའང་བརྗེད་འགྲོ་ཡི་ཡོད། ལྷག་ཆུང་གིས་ཁ་པར་མང་པོ་བརྒྱབ་ནས་ཁོང་ཁྱིམ་དུ་ལོག་སྟེ་ཟ་མ་ཟ་རྒྱུ་སྐད་བཏང་རུང་། ཟ་མ་ཚ་པོ་ཡང་ཡང་བཟོས་ནས་ཚོས་གཞིའང་འགྱུར་འགྲོ་སྐབས་གཞི་ནས་ཁོང་ཁྱིམ་དུ་འབྱོར་གྱི་ཡོད།

    “ཁོང་བྲེལ་འཚུབ་ཆེན་པོ་ཡོད་པས། ཁྱིམ་ལ་ལྟ་རྟོག་བྱེད་ཁོམ་མེད་རུང་། ཁོང་གིས་ངའི་དགའ་ཕྱོགས་སེམས་ནང་བཞག་ཡོད”

    ཉི་མ་བཀྲ་ཤིས་ནི་ལྷག་ཆུང་མིག་ནང་གི་ཁྱོ་ག་ཕུལ་བྱུང་ཞིག་ཡིན་པ་མ་ཟད། བུ་ངག་དབང་སེམས་ནང་གི“གྲོགས་པོ་ཡག་ཤོས”ཀྱང་རེད།

    ཉི་མ་བཀྲ་ཤིས་ཀྱིས་ངག་དབང་གི་དགའ་ཕྱོགས་དང་འདུན་པར་བརྩི་འཇོག་བྱེད་པའི་སློབ་གསོ་རྒྱག་སྟངས་ལས་རྒྱུན་དུ་མཐོང་དཀོན་པའི་ཅི་ཡང་སྦ་གསང་མི་བྱེད་པའི་གྲོགས་པོ་ལྟ་བུར་གྱུར་ཡོད།

    “ངས་བྱ་བ་གང་ཞིག་ཡིན་རུང་པཱ་ལགས་ལ་ཤོད་འདོད་ཡོད། གནས་ཚུལ་གང་འདྲ་ཞིག་ཡིན་རུང་། ངེད་གཉིས་བསམ་ཕྱོགས་མཐུན་གྱི་འདུག”

    ཕྲུ་གུ་པེ་ཅིང་དུ་ཡོད་པ་དང་། བཟའ་ཟླ་རྒན་ཡོལ་ཞུས་ནས་ལྷ་སར་ཡོད། ཉི་མ་བཀྲ་ཤིས་གཞི་རིམ་དུ་ཡང་སེ་བསྐྱོད་དགོས་པས་ཁྱིམ་མི་གསུམ་ལྷན་འཛོམས་བྱེད་པའི་དུས་ཚོད་ཉུང་ཉུང་རེད།

    ཞིང་ཚན་ཁང་གི་རྣམ་གྲངས་དང་། ཞིང་ནང་གི་ནས། ཞིང་འབྲོག་པའི་ལས་ཀ ལས་ཀ་ཙག་ཙིག་བཅས་ཚང་མར་ཉི་མ་བཀྲ་ཤིས་ཀྱིས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད།

    སྨན་ཁང་དུ་གཅིན་སྙི་ཟགས་ཁུའི་ནད་བསྐྱར་དཔྱད་བྱེད་པར་འགྲོ་ཁོམ་མེད་པས་རྟག་པར་ལྷག་ཆུང་གིས་སྨན་ལེན་པར་འགྲོ་ཡི་ཡོད།

    སྐབས་རེ་ཉི་མ་བཀྲ་ཤིས་སྐྲ་བཞར་ཁོམ་མེད་པའི་སྐབས་སུ་ལྷག་ཆུང་གིས་ཉི་མ་བཀྲ་ཤིས་ལས་ཐག་བཅད་རྗེས་སྐྲ་བཞར་ཁང་འཚོལ་བར་འགྲོ་ཡི་ཡོད།

    སྐབས་རེ་ལྷག་ཆུང་གིས“ལས་ཀ་བྲེལ་འཚུབ་ཆེན་པོ་ཡོད་རུང་། གཟུགས་པོར་བདག་གཅེས་བྱེད་དགོས”ཞེས་འཁང་ར་ཡང་ཡང་བྱེད་ཀྱི་ཡོད།

    འདི་ལོའི་དབྱར་ཁར་ལྷག་ཆུང་གིས་གཟའ་མཇུག་ལ་ཁོམ་པ་བྱུང་བའི་ཉི་མ་བཀྲ་ཤིས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཁྲིད་པ་རེད།

    ཉི་མ་བཀྲ་ཤིས་ཀྱིས་སྤྱི་གླིང་ནང་གི་སྒོར་གཞས་འཁྲབ་མཁན་དང་ལུས་སྦྱོང་བྱེད་མཁན་ཚོ་མཐོང་སྐབས། ཁོང་གིས“ང་དེ་གར་ཡོང་ཐེངས་དང་པོ་ཡིན་ཞེས་བརྗོད་ན་སུས་ཡིད་ཆེས་སམ”ཞེས་ལྷག་ཆུང་ལ་བཤད།

    ལྷག་ཆུང་གིས་ཉི་མ་བཀྲ་ཤིས་ཀྱི་ལག་ནས་དམ་པོར་བཟུང་སྟེ“ངས་ཁྱེད་རང་ལ་མི་གཞན་འཚོ་བ་ཇི་ལྟར་སྐྱེལ་མིན་ལྟ་རུ་འཇུག་དགོས་བསམས་བྱུང་། ཁྱེད་རང་ལ་བསམ་རྒྱུ་ལས་ཀ་ལས་གཞན་དག་མེད། གཞན་ལ་སློབ་སྦྱོང་བྱེད་དགོས་འདུག”ཅེས་འཁང་རའི་ཚུལ་གྱིས་བཤད།

    “འོ་ཡ། ལོ་60ལ་རྒན་ཡོལ་ཞུས་རྗེས་ངས་དེ་དག་སྦྱོང་གི་ཡིན”

    འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཉི་མ་བཀྲ་ཤིས་ལ་རྒན་ཡོལ་ཞུ་བའི་སྐལ་བ་བྱུང་མེད།

    2020ལོའི་ཟླ་9ཚེས་5ཉིན་གྱི་ཆུ་ཚོད་15ཙམ་ལ་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་དང་བསྡུ་རུབ་ལས་དོན་སྤེལ་བར་བསྐྱོད་པའི་ལམ་བར་དུ་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་ལོ་55ལས་སླེབས་མེད་པའི་ཉི་མ་བཀྲ་ཤིས་ཚེ་ལས་འདས།

    ད་ཆ་དུས་ཆེན་ཡིན་མིན་ལ་མ་བལྟོས་པར་རྟག་ཏུ་ཕྱེ་བའི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཐོག་སོ་གཉིས་པའི་གཞུང་ལས་ཁང་གི་སྒོ་མོ་བརྒྱབ་ཡོད་ལ། དགོང་ལྟར་ཐོག་སོ་ཧྲིལ་པོ་ནས་གློག་འོད་འཕྲོ་བའི་གཞུང་ལས་ཁང་གཅིག་རང་ཡོད་པ་དེའི་ཁྲ་ཡོལ་ཡང་བརྒྱབ་ཡོད།

    ཉི་མ་བཀྲ་ཤིས་ཀྱིས་སེམས་ནུས་ཡོད་རྒུ་བཏོན་པ་ལས་ནས་ཀྱི་མུའུ་རེའི་ཐོན་འབོར་1985ལོའི་རྒྱ་མ་400ནས་ད་ཆའི་རྒྱ་མ་700ལྷག་ཙམ་བར་འཕར་བ་དང་། རིམ་རྩིས་བྱས་ན་ནས་ཀྱི་སོན་བཟང་མུའུ་ཁྲི་818ཁྱབ་གདལ་བཏང་བས་ནས་ཏུན་ཁྲི་19.06ཐོན་འཕར་བྱུང་བ། སོག་མ་ཐོན་ཚད་ཏུན་ཁྲི་22.87ཟིན་པ། སྤྱི་ཚོགས་ཀྱི་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་22.37ཟིན་པ། རྒྱལ་ཁབ་ཕྱི་ནང་གི་རིམ་མཐོའི་དུས་དེབ་ཐོག་དཔྱད་རྩོམ་47སྤེལ་བ། དབྱིན་ཡིག་གི་ཆེད་རྩོམ་3དང་། རྒྱ་ཡིག་གི་ཆེད་རྩོམ་7 གཙོ་སྒྲིག་བྱས་པའི་བོད་ཡིག་གི་ཚན་རིག་ཁྱབ་གདལ་དཔེ་རིས་ཀྱི་དེབ་སྣ་27བཅས་པར་སྐྲུན་བྱས་པ། འབུམ་རམས་པ་ཐོབ་རྗེས་ཀྱི་ཞིབ་འཇུག་བྱེད་མཁན་2དང་། འབུམ་རམས་པ་1 ཤེས་རམས་པ་12བཅས་མཉམ་ལས་ཀྱིས་གསོ་སྐྱོང་བྱས་ཡོད།

    དེ་དག་ནི་གུང་ཁྲན་ཏང་ཡོན་ཞིག་དང་ས་མཐོའི་ཚན་རྩལ་ལས་དོན་པ་ཞིག་གིས་ལོ་35རིང་ཉིན་མ་གཅིག་ལྟར་འབད་བརྩོན་བྱས་ཏེ་མེས་རྒྱལ་དང་གངས་ལྗོངས་ས་མཐོའི་མི་དམངས་ལ་འཆང་བའི་ཟོལ་མེད་ཀྱི་བརྩེ་བ་རེད།

    ཁོང་གི་སྒེར་སེམས་མེད་པའི་བརྩེ་བ་ཆེན་པོ་དེ་གངས་ལྗོངས་ས་མཐོའི་སྔོ་ལྗང་གི་ནས་ཞིང་དང་། གསེར་མདོག་གི་སྙེ་མ་ལོ་ལེགས་བྱུང་བའི་ཞིང་པའི་ངོ་གདོང་ནས་འཕྱུར་བའི་འཛུམ་མདངས་བཅས་ཀྱི་ཐོག་ནས་མངོན་གྱི་ཡོད།

    ཁོང་གི་བསམ་འདུན་ཆེ་ཤོས་ནི་ནམ་ཞིག་ས་མཐོའི་ནས་དེ་འཛམ་གླིང་ཡོངས་ཀྱིས་རེ་སྙེགས་བྱེད་པའི“གསེར་གྱི་ནས”ལ་འགྱུར་རྒྱུ་དེ་རེད།

    ཁོང་གིས་རེ་སྒུག་ཆེ་ཤོས་བྱེད་པ་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དེ་བོད་ཀྱི་ཚན་ཞིབ་ཀྱི“གནམ་ཐང་གྲུ་གཟིངས”ལ་གྱུར་ཏེ་ནས་ཀྱི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་རྩ་བསྐྲུན་རྒྱུ་དེ་རེད།

    ཁོང་གིས་བློ་ཕམ་ཆེ་ཤོས་བྱེད་པ་ནི་སྐྱེད་སྲིང་བྱས་མ་ཐག་ཡིན་པའི་ནས་ཀྱི་སོན་གསར་དག་ས་མཐོའི་ཞིང་ས་ཡངས་པོར་འདེབས་རྒྱུ་མ་བྱུང་བ་དེ་རེད།

    ཁོང་གིས་གནོང་འགྱོད་ཆེ་ཤོས་བྱེད་པ་ནི་ནང་མི་ཚོར་ལྟ་རྟོག་ཡག་པོ་བྱ་རྒྱུ་མ་བྱུང་བ་དེ་རེད།

    ད་ཆ་ནས་ལ་རྒྱུས་མངའ་ཆེ་ཤོས་ཡོད་མཁན་ཁོང་དུས་ནམ་ཡང་ཁོང་གིས་དགའ་ཤོས་བྱ་ཡུལ་ཞིང་ཁ་དང་མི་དམངས་དང་ཁ་བྲལ་མོད། འོན་ཀྱང་འདམ་གྱིས་ཁེངས་པའི་ཁོང་གི་རྐང་རྗེས་རེ་རེ་དང་རྔུལ་ཆུའི་ཐིགས་པ་རེ་རེ་གསེར་མདོག་གི་ནས་ཞིང་དང་འདྲེས་ནས་ཞིང་པ་མང་ཚོགས་ཁྲི་ཡི་དྲན་པའི་ཡོལ་བ་ནས་ནམ་ཡང་ཟུབ་ཐབས་མེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395078851