བོད་ལྗོངས།
ཉི་མ་བཀྲ་ཤིས་ཀྱིས་མོན་མཁར་རོང་གྲོང་ཚོའི་མང་ཚོགས་ལ་ཕྱུག་འགྱུར་ཐབས་མཆོག་བསླབས་པ།

    “སོན་བཟང་དང་། སྔ་འདེབས། འཕྲུལ་ཆས་ཅན”བཅས་ནི་ཉི་མ་བཀྲ་ཤིས་སྐུ་འཚོ་ཞུགས་སྐབས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོའི་མང་ཚོགས་ཚོར་བསླབས་པའི་ཕྱུག་འགྱུར་གྱི་ཐབས་མཆོག་རེད།

    སྟོན་ཟླ་འབྲིང་བའི་སྐབས་ཀྱི་གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོའི་ཞིང་ནང་ནས་འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲགས་ཤིང་། ཞིང་པ་ཚོ་སྟོན་རྨོད་ཀྱི་ལས་ལ་བྲེལ་བཞིན་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐར་མ་དངོས་གྲུབ་ཀྱིས“ཞིང་སྨན་འདིས་གནོད་འབུ་གསོད་ཐུབ་ནས་སང་ལོའི་དཔྱིད་འདེབས་ལ་རྨང་གཞི་ཡག་པོ་ཞིག་འདིང་ཐུབ”ཅེས་བརྗོད།

    སྔོན་ཆད་ཀྱི་མོན་མཁར་རོང་གྲོང་ཚོར་འཕྲུལ་ཆས་ཅན་གྱི་སྒྲིག་ཆས་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་ཚང་མ་འཕྲུལ་ཆས་ཆུང་གྲས་ཤ་སྟག་རེད། ཞིང་ལས་མི་ཐབས་ལ་བརྟེན་པ་དང་། ས་ཞིང་ཁ་ཐོར་ཡིན་པ། ད་དུང་མི་ཤུགས་འབོར་ཆེན་གཏོང་དགོས་པས་གྲོང་མིའི་ཡོང་འབབ་ཉུང་ཉུང་རེད།

    2013ལོར“བོད་ནས་ཨང་2000”གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་བ་དང་བསྟུན་ནས་ཉི་མ་བཀྲ་ཤིས་མོན་མཁར་རོང་གྲོང་ཚོར་བརྟག་ཞིབ་ལ་ཕེབས་ཏེ་སྐར་མ་དངོས་གྲུབ་ལ“ཞིང་ཆུང་ཞིང་ཆེན་དུ་བསྒྱུར་བ་དང་འཕྲུལ་ཆས་ཆུང་གྲས་ཆེ་གྲས་ལ་བསྒྱུར་ཚེ་ཐོན་འབབ་ལྡབ་འཕར་ཡོང་ངེས་རེད། ཞིང་འཕྲུལ་ལ་རྒྱལ་ཁབ་ཀྱི་ཁ་གསབ་50%ཙམ་ཡོད་པས་ཁྱེད་ཚོས་ཞིང་འཕྲུལ་མཉམ་ལས་ཁང་འཛུགས་ཆོག”ཅེས་བརྗོད།

    ཉི་མ་བཀྲ་ཤིས་ཀྱི་གྲོས་འགོའི་འོག མོན་མཁར་རོང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱིས་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་ཏེ་སོན་ལ་སྨན་རྒྱག་པ་ནས་རྨོ་འདེབས་དང་བརྔ་བསྡུའི་བར་དང་། དེ་ནས་རྩམ་པ་དང་གྲོ་ཞིབ་ལས་སྣོན་བར། ཚང་མ་འཕྲུལ་ཆས་ཅན་མངོན་གྱུར་བྱུང་སྟེ་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་མ་ཟད། ས་ཞིང་མུའུ་རེར་རྒྱག་པའི་རྫས་ལུད་ཀྱང་ཕྱེད་ཀ་ཙམ་གྲོན་ཆུང་ཐུབ་ཡོད།

    ཉི་མ་བཀྲ་ཤིས་ཀྱི་མཛུབ་ཁྲིད་འོག མོན་མཁར་རོང་གྲོང་ཚོའི་མང་ཚོགས་ཀྱིས་དེ་སྔའི་ས་བོན་འདེབས་ཕྱི་བའི་ལོ་རྒྱུས་ལ་འགྱུར་ལྡོག་བྱུང་སྟེ་ནས་འདེབས་པའི་དུས་ཚོད་ཟླ་3པའི་ཟླ་དཀྱིལ་ལ་སྔ་རུ་བཏང་ཡོད། སྐར་མ་དངོས་གྲུབ་ཀྱིས་དྲན་གསོ་བྱེད་བཞིན“ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་ནས་སྔ་ཙམ་བཏབ་ཚེ་རྩྭ་ངན་མ་སྐྱེས་གོང་མྱུ་གུ་འབུས་ནས་སྐྱེ་འཚར་ལ་དེ་བས་ཕན་ཐོགས་ཡོད་ཅེས་གསུངས་མྱོང་ཡོད”ཅེས་བཤད།

    ཚན་རིག་དང་མཐུན་པའི་ཞིང་ནང་གཡོག་བྱེད་དང་གཞི་ཁྱོན་ཅན་བཏབ་པ་ལས་མོན་མཁར་རོང་གྲོང་ཚོ་ལྗོངས་ཡོངས་ཀྱི“བོད་ནས་ཨང་2000”གི་རིམ་པ་གཉིས་པའི་ས་བོན་ཚོད་ཞིང་དུ་གཏན་འཁེལ་བྱས་པ་རེད། 2014ལོ་ནས་བཟུང་མཉམ་ལས་ཁང་གིས་ནས་ཀྱི་སོན་བཟང་རྒྱ་མ་ཁྲི་6.3བཙོངས་པ་དང་གྲོའི་སོན་བཟང་རྒྱ་མ་ཁྲི་14.7བཙོངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་66ལྷག་ཙམ་ཟིན་ཡོད། 2016ལོར་མོན་མཁར་རོང་གྲོང་ཚོ་དབུལ་སྒྲོལ་ཐུབ་ནས་གྲོང་ཚོ་ཡོངས་ཀྱི་ནས་ཀྱི་ཐོན་འབབ་དེ་སྔའི་མུའུ་རེར་རྒྱ་མ་300ནས་ད་ཆའི་རྒྱ་མ་600ལྷག་ཙམ་བར་འཕར་ཡོད།

    ནས་འདེབས་གསོའི་རིགས་གཅིག་མཁས་ཅན་ཉི་མ་བཀྲ་ཤིས་ཀྱིས“སོན་བཟང་བཏབ་རུང་ལེ་ལག་ཚང་བའི་འདེབས་གསོའི་ལག་རྩལ་མེད་ཚེ་སོན་བཟང་དེ་ལས་ཐོན་འབབ་མཐོ་པོ་ཡོང་ཐབས་བྲལ་བ”གསལ་པོ་ཤེས་ཀྱི་ཡོད།

    གནས་པའི་གནད་དོན་ལ་དམིགས་ཏེ་ཉི་མ་བཀྲ་ཤིས་ཀྱིས་ཐོན་མཐོའི་འདེབས་གསོའི་ལག་རྩལ་ཞིབ་འཇུག་ཚོགས་པ་བཙུགས་ནས་སྣོད་བཅུད་ས་ཁོངས་མི་འདྲ་བར་འཕྲོད་པའི་ནས་ཀྱི་སོན་གསར་གྱི་ལེ་ལག་ཚང་བའི་འདེབས་གསོའི་ལག་རྩལ་གྱི་སྒྲིག་སྲོལ་དང་བྱེད་སྟངས་ཞིབ་བཟོའི་ལས་ལ་གཞོལ། དེ་དང་ཆབས་ཅིག“ནས་ཀྱི་ཐོན་མཐོའི་འདེབས་གསོའི་ལག་རྩལ་གྱི་སྒྲིག་སྲོལ”དང“སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་དཔྱིད་ནས་ཐོན་སྐྱེད་ལག་རྩལ་གྱི་སྒྲིག་སྲོལ”སོགས་ས་གནས་ཀྱི་ཚད་གཞི་13ཞིབ་བཟོ་བྱས་པ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱས་པ་རེད། ཚོགས་པའི་སྣེ་ཁྲིད་དེ་ནས་ཀྱི་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་གི་འགག་རྩའི་ལག་རྩལ་དང་། ས་བབ་མཐོ་བའི་མཐའ་མཚམས་ས་ཁུལ་གྱི་ནས་འདེབས་པའི་འགག་རྩའི་ལག་རྩལ་སོགས་ནས་ཀྱི་འགག་རྩའི་ལག་རྩལ་སྣ་ཚོགས་20ལྷག་ཙམ་ཞིབ་བཟོ་དང་གཞན་སྒྱུར་བྱས་ཡོད།

    སོན་གསར་དང་ཐོན་འབབ་མཐོ་བའི་འདེབས་གསོའི་ལག་རྩལ་འདུས་གྲུབ་དཔེ་སྟོན་ཁྱབ་གདལ་བཏང་བ་བརྒྱུད་ཉེ་བའི་ལོ་བཅུའི་རིང་། ཉི་མ་བཀྲ་ཤིས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་རིམ་རྩིས་བྱས་ན་ནས་ཀྱི་སོན་གསར་དང་ལག་རྩལ་གསར་པ་མུའུ་ཁྲི་1300ལྷག་ཙམ་ལ་དཔེ་སྟོན་ཁྱབ་གདལ་བཏང་བར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་13.7གསར་པ་འཕར་ཡོད།

    སྐར་མ་དངོས་གྲུབ་ཀྱིས“ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱི་མཛུབ་ཁྲིད་དང་རོགས་རམ་ལས་མོན་མཁར་རོང་གྲོང་ཚོའི་མི་སེར་ཚོ་ཕྱུག་འགྱུར་ལམ་དུ་སྐྱོད་ཐུབ་སོང”ཞེས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395190431