བོད་ལྗོངས།
དབུལ་ཞྭ་བསྐྱུར་ནས་ཐོན་ལས་གཉེར་། ཚེ་འདིའི་བདེ་སྐྱིད་འཚོ་བར་རོལ།

    —— ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་གིས་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་བྱས་པའི་སྐོར་བཀོད་པ།

    གཞུང་ལམ་གཡས་གཡོན་དུ་ཚར་དུ་དངར་བའི་ཁང་བཟང་གཅིག་ལས་གཅིག་མཐོ་ལ་བཀྲག་ཆེ་ཞིང་། མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་། ནང་མ་ཁང་སོགས་གང་དགོས་ཅི་དགར་འཛོམས་པ། གཞུང་ལམ་དང་། འཕྲིན་གཏོང་། ཆུ། གློག་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། ཟས་གོས་གནས་མལ་ལ་སེམས་ཁྲལ་ཅི་ཡང་མེད་པའི་གྲོང་མིའི་འཛུམ་མདངས། ད་དུང་ཤང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཁེར་གཙང་ཡོང་འབབ་2005ལོའི་སྒོར་500ནས་2019ལོའི་སྒོར་10857.45བར་འཕར་བ་བཅས་ལས། ཤང་དེ་གའི་མང་ཚོགས་སྔ་ས་ནས་དབུལ་ཞྭ་ཕུད་དེ་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་གི་ལམ་དུ་སྐྱོད་བཞིན་པ་གསལ་བཤད་བྱེད།

    འདི་ནི་རྫ་ཡུལ་རྫོང་ཨུད་ཀྱི་རྒྱུན་ཨུ་ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་བཀྲ་ཤིས་ཀྱིས་མང་ཚོགས་ཀྱི་ཁྱིམ་དུ་རྟོག་ཞིབ་བྱེད་བཞིན་པ།

    ལྷ་ས་ནས་རྡོག་ཐོན་བྱས་ཏེ་ལམ་ཐག་ལེ་དབར་སྟོང་ལྷག་ཆོད་པའི་རྫ་ཡུལ་རྫོང་ཚ་བ་རོང་ཤང་དུ་སྐྱོད་སྐབས། ལམ་བར་གྱི་ཚང་ཚིང་ནགས་ཚལ་དང་། གཡུ་ཡི་གཞོང་པར་ཅོ་འདྲི་བའི་སྤང་གཞོང་། མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ཞིང་ཐང་གི་ལོ་ཏོག ནམ་མཁའི་སྐར་ཚོགས་ས་ལ་འཕོས་འདྲའི་ནོར་ལུག་གི་ཁྱུ་ཚོགས། དཀར་ཆ་དོད་པའི་གྲོང་མིའི་སྡོད་ཁང་། རིགས་མི་འདྲ་བའི་འབྲས་ཤིང་གི་སྡོང་པོ་སོགས་ལས། ཉེ་བའི་ལོ་ཤས་རིང་བོད་ཀྱི་མཐའ་མཚམས་ཀྱི་གྲོང་ཚོར་ཡང་མིག་མཐོང་ལག་ཟིན་གྱི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། བོད་ཀྱི་སྣོད་བཅུད་སྲུང་སྐྱོང་གི་བྱ་གཞག་ལ་གྲུབ་འབྲས་དཔེ་མི་སྲིད་པ་ཐོབ་འདུག་ཨང་སྙམ་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཤིང་། དེ་འདྲའི་དགའ་སྣང་དང་སྐྱིད་སྣང་གི་ཁྲོད་དུ་ལམ་བར་གྱི་ངལ་དུབ་ཀྱང་རེ་ཞིག་གཏིང་བརྗེད་དུ་སོང་སྟེ། ཁུག་མ་ནས་པར་ཆས་བཏོན་ཏེ་ལམ་བར་གྱི་མཛེས་ལྗོངས་དག་པར་ལེན་བྱེད་པར་ཐལ།

    ཚ་བ་རོང་ཤང་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་མཐའ་མཚམས་ཀྱི་ཤང་ཞིག་ཡིན་ཞིང་། ཤར་ལྷོ་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་དང་གོང་ཤང་རྫོང་དང་འབྲེལ་བ་དང་། བྱང་ཕྱོགས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དང་འབྲེལ་བ། ནུབ་འགྲོ་བ་དགོན་གྲོང་རྡལ་དང་མགོ་ལ་ཤང་དང་འབྲེལ་ཡོད་ལ། བོད་ཚ་རྫའི(བོད་གྲོང་ལུང་ནས་ཚ་བ་རོང་དང་རྫ་ཡུལ)གཞུང་ལམ་གྱི་ལྟེ་བ་དང་གལ་ཆེའི་ལམ་དུམ་ཡིན་པ་མ་ཟད། ཚ་གོང(ཚ་བ་རོང་ནས་ཡུན་ནན་གོང་དཀར་རྫོང)གཞུང་ལམ་དང་། ཚ་རྫ(ཚ་བ་རོང་ནས་རྫ་ཡུལ)གཞུང་ལམ། ཚ་མཛོ(ཚ་བ་རོང་ནས་མཛོ་སྒང)གཞུང་ལམ་གྱི་སྣོལ་མཚམས་ཀྱང་ཡིན་པས། མ་གཞི་མཐའ་མཚམས་ཀྱི་ཤང་གྲོང་ཕལ་པ་ཞིག་ཡིན་ན་ཡང་འཁྲུག་ཆ་ཧ་ཅང་དོད།

    འདི་ནི་བྱ་ཕོ་གྲོང་ཚོའི་གྲོང་མི་རིན་ཆེན་ཚེ་རིང་གིས་སེ་འབྲུ་འཐོག་བཞིན་ཡོད་པ།

    ཤང་ཡོངས་སུ་སྲིད་འཛིན་གྲོང་ཚོ་26གི་ཞིང་འབྲོག་དུད་ཚང་1261གི་མང་ཚོགས་6851གནས་སྡོད་བྱེད་པ་ལས། བོད་རིགས་དང་། རྒྱ་རིགས། ལི་སུའུ་རིགས། ནུའུ་རིགས། པའེ་རིགས། ཏུའུ་ལུང་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་ཀྱི་ཡོད་པས། མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་འཚོ་བའི་ནང་དབུག་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ནས། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་ཀྱི་འབྲེལ་བ་བརྟན་དུ་བཏང་བས། ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱེད་ཡོད་པའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཏེ། གང་སར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པ་དང་། ཐུན་མོང་ཐོག་དབུལ་ཕོངས་རྒྱང་དུ་བསྐྱུར་ནས་འབྱོར་འབྲིང་གི་ལམ་དུ་ཆས་ཏེ། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་བཞིན་པའི་སྙན་དབྱངས་ཀྱིས་ཁྱབ།

    སྔོན་ཆད། ཚ་བ་རོང་ཤང་གི་སྐོར་གླེང་སྐབས། མི་མང་པོས་གནས་དེའི་རི་མཐོ་གཡང་གཟར་གྲོག་རོང་གཏིང་རིང་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པར་རྟ་དྲེལ་དང་། རྐང་ཐང་གི་འགྲུལ་བཞུད་ལ་རྟེན་དགོས་པ། འཕྲིན་གཏོང་སྟབས་བདེ་མེད་པ། མང་ཚོགས་ཀྱི་ཐོན་སྐྱེད་རྣམ་པ་རྐྱང་པ་ཡིན་པ་དང་། དཔལ་འབྱོར་གྱི་ཡོང་ཁུངས་ཉུང་བས་འཚོ་བ་དབུལ་ཞིང་དཀའ་ངལ་ཆེ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རྫ་ཡུལ་རྫོང་ཨུད་ཀྱི་རྒྱུན་ཨུ། ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་བཀྲ་ཤིས་ཀྱིས་བརྗོད་པ་ལྟར་ན། རྫ་ཡུལ་རྫོང་གི་དབུལ་པོའི་གསུམ་ཆ་གཅིག་ཙམ་ཚ་བ་རོང་དུ་ཡོད་ཅིང་། གནས་དེའི་མང་ཚོགས་དབུལ་ཕོངས་ཀྱི་གནས་སུ་ལྷུངས་དོན་ནི་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་མི་ཚང་བ་དང་། ཐོན་ལས་ཀྱི་ཀ་རྟེན་དང་རྒྱབ་རྟེན་མེད་པས་རེད་ཅེས་བརྗོད། དེ་ཡང་ཚ་བ་རོང་ནི་ཡུན་བོད་འབྲེལ་མཚམས་ཀྱི་རྒྱལ་མོ་རྔུལ་ཆུའི་རོང་དུ་ཆགས་ཤིང་། རྫ་ཡུལ་རྫོང་དང་། མཛོ་སྒང་རྫོང་། ཡུན་ནན་གོང་ཤང་རྫོང་དང་བར་ཐག་ངེས་ཅན་ཡོད་པས། རྐྱེན་དེའི་དབང་གིས་ཤང་དེ་ནི་ཕྱོགས་གསུམ་ལ་རྟེན་ས་མེད་པའི་ཁེར་ཆགས་གླིང་ཕྲན་ལྟ་བུ་ཞིག་ཏུ་གྱུར་ཅིང་། ལྷག་པར་དུ་རྫ་ཡུལ་རྫོང་ལ་འགྲོ་བར་གངས་རི་གསུམ་བརྒལ་དགོས་པས། གལ་ཏེ་གངས་བབས་ཏེ་རི་བོ་འཁྱག་པས་བསྡམས་པའི་གནས་ཚུལ་དང་ཕྲད་ན། ཡུན་ནན་ནམ་ཡང་ན་ཆབ་མདོ་མཛོ་སྒང་བསྐོར་ནས་འགྲོ་དགོས་ལ། གྲོག་རོང་གི་ནང་དུ་གློག་སྐུད་ཀྱང་འཁྲིད་དཀའ་བས་འཕྲིན་གཏོང་གི་སྒྲིག་ཆས་ཀྱང་རྗེས་ལུས་ཡིན་པ་སྨོས་མེད་རེད། དེའི་ཁར་སྐམ་ཤས་ཆེ་ལ་ཆུ་དཀོན་པ་སོགས་ནི་ཚ་བ་རོང་ཤང་གི་འཕེལ་རྒྱས་ཀྱི་གོམ་སྟབས་ཧ་ཅང་དལ་བའི་རྒྱུ་རུ་གྱུར།

    འོན་ཀྱང་། ད་ལྟ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་སྟེ་སྔོན་ཆད་དང་སྡུར་ཐབས་ཡེ་ནས་མེད་དེ། གསར་འགོད་པ་སྔ་རྗེས་སུ་རླངས་འཁོར་ལ་བསྡད་ནས་རྫ་ཡུལ་ནས་ཚ་བ་རོང་ཤང་དང་། ཚ་བ་རོང་ནས་ཡུན་ནན་གོང་ཤང་རྫོང་། ཚ་བ་རོང་ནས་མཛོ་སྒང་རྫོང་དུ་སྐྱོད་སྐབས། མ་གཞི་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་མེད་ཀྱང་། གསེག་ལམ་བདེ་ལ་ཁོད་སྙོམས་པས། སྔོན་ཆད་ཀྱི་ཕྱོགས་གསུམ་ལ་རྟེན་ས་མེད་པའི་ཁེར་ཆགས་གླིང་ཕྲན་ལྟ་བུའི་ཚ་བ་རོང་ཤང་ད་ལྟ་ཕྱོགས་བཞི་མཚམས་བརྒྱད་གང་སར་འབྲེལ་ལམ་མཐུད་ཐུབ་སྟེ། གཞུང་ལམ་ཀྱག་ཀྱོག་ག་ཚོད་ཆེ་ཡང་ཚ་བ་རོང་ཤང་གི་འཕེལ་རྒྱས་ཀྱི་གོམ་སྟབས་ལ་འགོག་རྐྱེན་བཟོ་མི་ཐུབ་པའི་ཚད་ལ་སླེབས་ནས། སྔོན་ཆད་རྟ་དྲེལ་དང་། རྐང་ཐང་མར་བརྟེན་ནས་ཕར་འགྲོ་ཚུར་འོང་བྱེད་པའི་ལོ་རྒྱུས་ཀྱི་སྐྱོ་གར་ལ་རྫོགས་ཚིག་བཀོད་འདུག 2016ལོར་ཚ་བ་རོང་ཤང་སྐེད་རི་ཁུལ་གྱི་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། རྒྱལ་མོ་རྔུལ་ཆུའི་ཁྲོ་ཉི་ཟམ་ཆེན་སྐྲུན་འགོ་བརྩམས་ཤིང་། སྐེད་རི་གྲོང་ཚོ་ནས་ཁྲོ་ཉི་གྲོང་ཚོ་བར་གྱི་སྤྱི་ལེ་12.5ཙམ་གྱི་གཞུང་ལམ་ཁོ་ནར་སྤྱིའི་མ་དངུལ་སྒོར་ཁྲི་2894ལྷག་བཏང་བ་རེད། མིག་སྔར། དམངས་སེམས་ལས་གྲྭའི་ཁོངས་ཀྱི་ཁྲོ་ཉི་ཟམ་ཆེན་ལ་རླངས་འཁོར་ཤར་གཏོང་ཐུབ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་པ་མང་པོར་སྟབས་བདེ་གང་ལེགས་སྐྲུན་བཞིན་ཡོད། ཚ་བ་རོང་ཤང་གི་ཧྲུའུ་ཅི་ཉི་མ་བཀྲ་ཤིས་ཀྱིས་ཡིད་སེམས་འགུལ་བཞིན་དུ་འདི་ཚང་མ་ཏང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་བཟང་དང་། གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད། དུས་ཐོག་ཆར་པ་ལྟ་བུའི་ཏང་གི་སྲིད་ཇུས་བཟང་པོས་ཚ་བ་རོང་ཤང་ད་གཟོད་དབུལ་སྒྲོལ་ཐུབ་སོང་ཞེས་བཤད།

    འདི་ནི་ཚ་བ་རོང་ཤང་དུ་སྐྱེས་པའི་རྣ་ཅོག་མེ་ཏོག་ཡིན་པ།

    ཚ་བ་རོང་ཤང་གི་གནམ་གཤིས་སྐམ་ཤས་ཆེ་བ་དང་མི་མང་ལ་ས་ཞིང་ཉུང་བའི་དབང་གིས་ཆ་སྙོམས་མི་རེར་མུའུ་1ཙམ་གྱི་ས་ཞིང་གི་རྒྱ་ཁྱོན་ལས་མེད་པ་དང་། ཞིང་ཁ་ཕལ་ཆེ་བའང་རི་ལྡེབས་སྐས་ཞིང་འབའ་ཞིག་ཡིན་པས། དེས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར་འགོག་རྐྱེན་ཆེན་པོ་ཕྲད། འོན་ཀྱང་། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་བསྟུན་ནས་ཚ་བ་རོང་ཤང་གི་ལས་བྱེད་མང་ཚོགས་ཚོས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་འགོ་བརྩམས་པ་སྟེ། ཡུལ་དེའི་སྐམ་ཤས་ཆེ་བའི་རི་ལྡེབས་སུ་གང་སར་རྣ་ཅོག་མེ་ཏོག(དབང་ལག)གིས་ཁེངས་ནས་གསར་སྤེལ་བྱེད་ཐབས་དཀའ་ཡང་། སྐམ་ཤས་ཆེ་བའི་གནམ་གཤིས་ཀྱི་ཆ་རྐྱེན་འོག་ཏུ་སེ་འབྲུ་འདེབས་པ་ནི་ཡུལ་དེའི་ཐོན་ཁུངས་ཀྱི་ལེགས་ཆ་གལ་ཆེན་ཞིག་ཏུ་གྱུར་པས། ཁོ་ཚོས་སྐམ་ཤས་ཆེ་བའི་གནམ་གཤིས་ཀྱི་ཞན་ཆ་དེ་སེ་འབྲུའི་ཐོན་ལས་གོང་འཕེལ་གཏོང་བའི་ལེགས་ཆར་འགྱུར་ཐབས་བྱས་པ་རེད།

    རིན་ཆེན་ཚེ་རིང་ནི་བྱ་ཕོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། གྲོང་ཚོར་སེ་འབྲུ་འདེབས་མཁན་ཐོག་མ་དེ་རེད། ཁོང་གིས་ངས་2006ལོ་ནས་བཟུང་འགྲིམ་འགྲུལ་སྐྱེལ་འདྲེན་བྱས་ནས་ཡོང་འབབ་གསོག་གི་ཡོད། 2018ལོར་ངས་རང་ཁྱིམ་གྱི་སྒོ་རའི་རྒྱབ་མདུན་དུ་སེ་འབྲུའི་སྡོང་པོ་དྲུག་བཏབ་པར་དེའི་འབྲས་བུར་སྒོར་3500རག་བྱུང་། ངས་སེ་འབྲུ་བཏབ་ནས་ཡོང་འབབ་བྱུང་བ་མཐོང་དུས། གྲོང་མི་མང་པོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སེ་འབྲུ་འདེབས་འགོ་བཙུགས་སོང་། རིམ་གྱིས་སེ་འབྲུ་འདེབས་པ་ནི་ཚ་བ་རོང་ཤང་གི་དབུལ་སྐྱོར་ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཏུ་གྱུར་ཏེ། 2018ལོ་ནས་བཟུང་གཞི་ཁྱོན་ཆེན་པོས་སེ་འབྲུའི་སྡོང་པོ་6000ལྷག་བཏབ་པ་དང་། འདི་ལོ་གྲོང་ཚོ་ཡོངས་ཀྱིས་སླར་ཡང་སེ་འབྲུའི་སྡོང་པོ་5000ལྷག་བཏབ་པ་རེད། ང་རང་ལ་མཚོན་ན་2006ལོར་ཡོང་འབབ་སྒོར་ཁྲི་6ཙམ་ལས་མ་བྱུང་ཡང་། 2019ལོར་ཡོང་འབབ་སྒོར་ཁྲི་20ཙམ་བྱུང་ཞེས་ངོ་སྤྲོད་བྱས། ལོ་འདི་དག་གི་རིང་། ཚ་བ་རོང་ཤང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཡུལ་དེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སེ་འབྲུའི་རྟེན་གཞི་ཞིག་བསྐྲུན་ཅིང་། སེ་འབྲུའི་ཐོན་ལས་ཀྱི་རྣམ་གྲངས་ཉིན་རེ་བཞིན་གཞི་ཁྱོན་ཇེ་ཆེར་འགྲོ་བཞིན་ཡོད། སྲིད་གཞུང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཀུང་སི+ཞིང་དུད་ཀྱི་རྣམ་པར་བརྟེན་ནས་མུའུ་4685ཙམ་ལ་སེ་འབྲུ་སྡོང་རྐང་ཁྲི་25ཙམ་བཏབ་པར། སྔོན་དཔག་བྱས་ན་སྤྱིའི་ཐོན་འབོར་སྒོར་ཁྲི་1874དང་། ཤང་ཡོངས་ཀྱི་མང་ཚོགས་ལ་ཆ་སྙོམས་འབབ་འཕར་སྒོར་2800ཡོང་རེ་ཡོད་པ་དང་། གཞན་ད་དུང་འདི་ལོའི་ལོ་སྟོད་དུ་ཚ་བ་རོང་ཤང་གིས་མ་དངུལ་སྒོར་ཁྲི་1086.7བཏང་ནས་སེ་འབྲུའི་སོན་རྩ་ཉོས་ཏེ་ཨ་བན་གྲོང་ཚོ་དང་། ཁྲང་ཤིའི་གྲོང་ཚོ། སྲང་ཐ་གྲོང་ཚོ་སོགས་ཀྱི་དུད་ཚང་མི་རེ་ངོ་རེར་སྤྲད་པར་འདེབས་ཁྱོན་མུའུ་677.3ཙམ་ཟིན་ཡོད་ཅིང་། སེ་འབྲུའི་སྡོང་པོར་འབྲས་བུ་སྨིན་རྗེས་འབྲེལ་ཡོད་ཀུང་སིས་གཅིག་གྱུར་ཉོ་སྒྲུབ་བྱས་ཏེ་མང་ཚོགས་ཚོའི་ཚོང་ལམ་གྱི་གནད་དོན་ཐག་གཅོད་བྱེད་རྩིས་ཡོད་པ་རེད།

    འདི་ནི་ཚ་བ་རོང་ཤང་དུ་སྐྱེས་པའི་སེ་འབྲུའི་སྡོང་པོ་ཡིན་པ།

    སེ་འབྲུའི་ཐོན་ལས་རིམ་བཞིན་གོང་འཕེལ་སོང་བ་དང་བསྟུན་ནས། དེ་སྔོན་མི་མང་པོས་དོ་སྣང་དེ་ཙམ་མི་བྱེད་པའི་རྣ་ཅོག་མེ་ཏོག་དེ་ཡང་ཚ་བ་རོང་ཤང་གི་ཐོན་ལས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར། ཚ་བ་རོང་ཤང་གི་རི་སྐྱེས་རྣ་ཅོག་མེ་ཏོག་གི་ཁེབས་ཚད་ལ་མུའུ་ཁྲི་5ཙམ་ཟིན་པ་དང་། རྣ་ཅོག་མེ་ཏོག་གིས་བཏུང་བྱ་བཟོ་ཆོག་པ་མ་ཟད་སྨན་གྱི་རྫས་སུ་བླངས་ན་སྙིང་དང་གློ་བའི་ནད་ཀྱི་གཉེན་པོ་ཡིན་ལ། དེའི་ཐུན་མིན་གྱི་སྤྱིན་རྫས་ནི་ཤ་གསོས་ཀྱི་རྒྱུ་ཆ་ཡག་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། མིག་སྔར་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་ཀྱིས་རྣ་ཅོག་མེ་ཏོག་གི་ཐོན་རྫས་ལས་སྣོན་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱེད་བཞིན་ཡོད། འདེབས་ལས་ཀྱི་རྟེན་གཞི་ཕུད། ཚ་བ་རོང་ཤང་གིས་ན་ནིང་ད་དུང་སྤྱིའི་མ་དངུལ་སྒོར་ཁྲི་40.9བཏང་ནས་ཕག་པ་250ཉོས་པ་དང་སྦྲགས། དུད་ཚང་དབུལ་པོའི་མང་ཚོགས་ལ་ཕག་གསོ་ར་བ་དང་ལུད་རྫིང་བསྐྲུན་ནས་ཕག་པ་གསོ་ཚགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བར་གྲོང་ཚོ་དབུལ་པོ་7ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་21ལ་ཕན་པ་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་12.2ལྷག་བཏང་ནས་བྱ་དེ་675ཉོས་ཏེ་སྨི་ངོས་གྲུ་162ཅན་གྱི་བྱ་ཚང་བསྐྲུན་པར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་9ལ་ཕན་པ་ཐོབ་ཡོད། གཞན་ད་དུང་ཤང་དེ་ཁུལ་གྱི་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་གྲོང་མི་རྣམས་རང་བྱུང་གནོད་འཚེ་ལས་གཡོལ་ཆེད་དང་ཕྲུ་གུར་དེ་བས་ལེགས་པའི་སློབ་གསོ་དང་ལེན་བྱེད་དུ་འཇུག་ཆེད། ཚ་བ་རོང་ཤང་གིས་ས་གཤིས་གནོད་འཚེ་མང་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་དེ་གའི་མི་གསོ་མི་ཐུབ་པ་སོགས་ཀྱི་གནས་ཚུལ་གྱི་རྐྱེན་པས་གནས་སྤོ་དགོས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་རིགས་ལ་གནས་སྤོས་དབུལ་སྐྱོར་གྱི་བྱེད་ཐབས་སྤྱད་དེ། ཁྱོན་དུད་ཚང་112ཀྱི་གྲོང་མི་563ཆ་རྐྱེན་ཅུང་བཟང་བའི་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་གནས་སྤོས་བཀོད་སྒྲིག་བྱས་པ་རེད། ཁམས་གཙང་གྲོང་ཚོའི་གྲོང་མི་ཆོས་འཕེལ་གྱིས་དགའ་ཚོར་ཆེན་པོས། འདི་ལོའི་ལོ་སྟོད་དུ་ང་ཚོ་སྒྲིག་ཆས་ཆ་ཚང་བའི་ཁང་པ་གསར་པར་སྤོས་པ་ཡིན། རྒྱ་ཁྱོན་ལ་སྨི་ངོས་གྲུ་100ལྷག་ཙམ་ཡོད་པའི་ཁང་པ་གསར་པར་སྤོས་པས། ང་ཚོའི་ཕྱིར་འགྲོར་དེ་བས་སྟབས་བདེ་བསྐྲུན་ལ་ས་གཤིས་ཀྱི་གནོད་འཚེ་དང་ཡང་ཐག་རིང་དུ་ཕྱིན་སོང་། འབྱུང་འགྱུར་གྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད་ཅེས་བཤད།

    དབུལ་སྒྲོལ་བྱེད་པར་རྒྱལ་ཁབ་ཀྱིས་མ་དངུལ་འཇོག་དགོས་པ་དང་ཐོན་ལས་ཀྱི་རྒྱབ་སྐྱོར་དགོས་ལ་དཀའ་སྤྱད་དངོས་སྒྲུབ་ཀྱི་སྙིང་སྟོབས་དེ་བས་དགོས། ཐོན་ལས་དར་ན་གཞི་ནས་གྲོང་གསེབ་དར་རྒྱས་ཡོང་ཐུབ། 2016ལོ་ནས་བཟུང་ཚ་བ་རོང་ཤང་གིས་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བཏང་བའི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་28ལེགས་སྒྲུབ་བྱས་པ་དེས་ཤང་ཡོངས་ཀྱི་དུད་ཚང་448ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་2308ལ་ཕན་པ་ཐོབ་ཡོད་ཅིང་། ཚ་བ་རོང་ཤང་གི་ལས་བྱེད་མང་ཚོགས་ཚོས་ལག་གདང་གཅིག་ཏུ་སྦྲེལ་ནས། ས་གཤིས་ཞན་སར་རྩ་བ་ཚུགས་ནས་དཀའ་ཚེགས་ལ་མི་སྐྲག་པ་དང་། འབད་བརྩོན་ལྷོད་མེད་བྱེད་པ། མེ་ཏོག་བཞད་ཅིང་འབྲས་བུ་སྨིན་ཐུབ་པ་བཅས་ཀྱི་ཚ་བ་རོང་ཤང་གི་རྣ་ཅོག་མེ་ཏོག་གི་སྙིང་སྟོབས་དར་སྤེལ་བཏང་ནས། ཐོན་ལས་དབུལ་སྐྱོར་ལ་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་ཆབས་ཅིག བེད་མེད་དུ་བཞག་པའི་ས་སྟོང་བེད་སྤྱོད་ལུགས་མཐུན་བྱས་ནས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་རེད།

    (གསར་འགོད་པ། བསོད་ནམས་དབང་ཕྱུག རྣམ་གླིང་རིན་ཆེན། པ་ཚེ་ཆུང་བ།)

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395466351