བོད་ལྗོངས།
དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ལམ་བུ་བསྐྲུན།

    —— དིང་རི་རྫོང་དཔལ་འབྱོར་སྒང་གྲོང་ཚོའི་ཡུལ་མི་བྱང་ཆུབ་ཀྱི་དབུལ་སྒྲོལ་གཏམ་རྒྱུད།

    དིང་རི་རྫོང་ཆུ་ལྷོ་ཤང་དཔལ་འབྱོར་སྒང་གྲོང་ཚོར། ཡུལ་མི་བྱང་ཆུབ་ཀྱིས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་གྱི་དཔེ་མཚོན་བཟང་པོ་བཏོད།

    ལོ་འགའི་གོང་། བྱང་ཆུབ་དང་ཆུང་མ་རྣམ་རྒྱལ་སྒྲོལ་དཀར་ཕ་ཡུལ་དུ་ཞིང་ལས་བྱས་ནས་སྡོད་པ་དང་། ལོ་གཅིག་དང་ཕྱེད་ཀ་ལས་མ་སླེབས་པའི་ཕྲུ་གུ་གཅིག་ཡོད། ནང་མི་གསུམ་ནས་ཞིང་མུའུ་ཁ་ཤས་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་པ་དང་ཕྱིར་གླ་པ་རྒྱུག་པར་འགྲོ་ཐབས་མེད་པས། ཁྱིམ་ཚང་གི་ཡོང་འབབ་ས་ཞིང་ཁོ་ནར་བརྟེན་དགོས་ཀྱི་ཡོད། 2016ལོར། གནད་སྨིན་དབྱེ་འབྱེད་བྱས་པ་བརྒྱུད། བྱང་ཆུབ་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག

    འདི་ནི་བྱང་ཆུབ་ཁྱོ་ཤུག་དང་བུ་མོ་མཉམ་དུ་བརྒྱབ་པའི་པར་ཡིན་པ།

    2017ལོར། ལོ་29ལ་སླེབས་པའི་བྱང་ཆུབ་ལ་ཕྱིར་གླ་པ་རྒྱུག་པར་བསྐྱོད་རྒྱུའི་བསམ་བློ་འཁོར། ཁྱོ་ཤུག་གཉིས་གྲོས་བསྡུར་བྱས་རྗེས། ཕྲུ་གུ་སྤུན་མཆེད་ལ་བཅོལ་རྒྱུའི་ཐག་བཅད།

    “ལྷ་སར་སླེབས་མ་ཐག་པའི་སྐབས་སུ། ལས་ཀའི་ཉམས་མྱོང་མེད་པ་དང་སྐད་བརྡ་མི་འཕྲོད་པའི་ཁར། ལག་རྩལ་སྣ་གཅིག་ཤེས་ཀྱི་མེད་པས། ང་ཚོ་ཁྱོ་ཤུག་གཉིས་ཨར་ལས་བྱེད་རྒྱུ་ལས་མ་འདས”ཞེས་བྱང་ཆུབ་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བརྗོད།

    ལག་རྩལ་སྣ་གཅིག་མ་ཤེས་ན་གཞི་ཚུགས་མི་ཐུབ་པ་ཤེས་རྗེས། བྱང་ཆུབ་ཀྱིས་ཁོམ་པ་ཡོད་ཚད་བཙལ་ནས་སློབ་སྦྱོང་བྱེད་འགོ་ཚུགས། ལས་རོགས་གཞན་དག་ངལ་གསོ་བའི་བར་གསེང་དུ། བྱང་ཆུབ་ཀྱིས་རང་འགུལ་ངང་དགེ་རྒན་གྱི་ས་ནས་རྩིག་པ་རྒྱག་སྟངས་དང་། ལྕགས་རྩིབས་སྒྲིམ་སྟངས། ཨར་འདམ་གཡོ་སྟངས་སོགས་སྦྱངས་པ་རེད། ཟླ་ཁ་ཤས་སོང་རྗེས། ལས་ཡུལ་གྱི་ལག་རྩལ་ཆུང་ཙག་ཚང་མ་བྱང་ཆུབ་པར་གྱུར།

    རྗེས་སུ། བྱང་ཆུབ་ཀྱིས་རང་གིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས། ས་ཕག་རྒྱག་པ་དང་། འདོན་འཇུག་བྱེད་པ། རྩིག་རྨང་འདིང་བ་སོགས་ཀྱི་རྣམ་གྲངས་ཆུང་གྲས་འགན་གཙང་བླངས་པ་རེད། དེའི་སྐབས་སུ། ཁོང་དང་ཆུང་མས་ལྷ་སར་ཟླ་རེར་གླ་པ་རྒྱུག་པའི་ཡོང་འབབ་སྒོར་13500ཟིན་པ་དང་། ལོ་གཅིག་ལ་ཕྱིར་གླ་པ་རྒྱུག་པའི་ཡོང་འབབ་བསྡོམས་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།

    “མ་གཞི་ཕྱིར་གླ་པ་རྒྱུག་པ་ནི་ཁྱིམ་ཚང་གི་འཚོ་བའི་ཆེད་དུ་ཡིན་མོད། འོན་ཀྱང་ཆུང་མ་ཡང་རང་ཉིད་དང་མཉམ་དུ་དཀའ་ལས་རྒྱག་པ་མཐོང་དུས་སེམས་ནང་གནོང་འགྱོད་ཆེན་པོ་འདུག”ཅེས་བྱང་ཆུབ་ཀྱིས་བརྗོད། 2017ལོའི་ལོ་མཇུག་ཏུ། བྱང་ཆུབ་དང་ཆུང་མ་མཉམ་དུ་དཔལ་འབྱོར་སྒང་གྲོང་ཚོར་ལོག ཁོང་གཉིས་ཀྱིས་གླ་པ་རྒྱུག་ནས་དངུལ་མང་པོ་བསགས་པའི་སྐོར་དཔལ་འབྱོར་གྲོང་ཚོའི་གྲོང་མིས་རྒྱུན་དུ་གླེང་ཡུལ་ཞིག་ཏུ་གྱུར། ཆུ་ལྷོ་ཤང་ཏང་ཨུད་ཀྱིས་ཁོང་གཉིས་ལས་བརྩོན་ཕྱུག་འགྱུར་གྱི་དཔེ་མཚོན་ལ་བདམས།

    འདི་ནི་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་ནང་སློབ་སྦྱོང་བྱེད་བཞིན་པའི་བྱང་ཆུབ་ཀྱི་བུ་ཡིན་པ།

    ལོ་མཇུག་ཏུ་ཁོམ་པ་ཏོག་ཙམ་ཡོད་པ་དེར། སྤྱང་གྲུང་དོད་པའི་བྱང་ཆུབ་ཀྱིས་དིང་རི་རྫོང་མི་སྤྱི་ཅུས་ཀྱིས་གཉེར་བའི“མི་གཅིག་ལ་གསོ་སྦྱོང་བྱས་ནས་དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པ་བྱེད་པའི”བྱེད་སྒོར་ཞུགས་རྒྱུའི་མིང་ཐོ་བཀོད་པ་དང་འབྲེལ། ཁ་ལོ་བའི་ལག་ཁྱེར་ཡང་རག ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་གང་ལེགས་བྱུང་བའི་བྱང་ཆུབ་ཀྱི་ལས་ཀ་བྱེད་སེམས་ཆེས་ཆེར་འཕེལ།

    2018ལོར་བྱང་ཆུབ་ཀྱིས་གྲོང་ཚོ་ཨུ་ལྷན་ལ《ང་རང་དབུལ་སྒྲོལ་ཐུབ་པ་བྱས་ནས་དབུལ་ཞྭ་འབུད་རྒྱུ་ཡིན》ཞེས་པའི་ཞུ་ཡིག་ཕུལ་ནས་རང་འགུལ་ངང་དབུལ་སྒྲོལ་ཐུབ་པ་བྱས།

    དེའི་སྐབས་ཀྱི་བྱང་ཆུབ་ཀྱིས་གཞིས་རྩེ་གྲོང་ཁུལ་དུ་འཛུགས་སྐྲུན་རྣམ་གྲངས་ཆུང་གྲས་འགན་གཙང་བླངས་པས། འཚོ་བ་ཇེ་ལེགས་སུ་ཕྱིན།

    ལག་རྩལ་མང་པོ་ཤེས་ན་ལས་སྒོ་དེ་བས་འཕེར་བའི་འདུ་ཤེས་ལ་བརྟེན་ནས། 2020ལོའི་ཟླ་9པར། བྱང་ཆུབ“དིང་རི་རྫོང་གི་རྒྱ་ཟས་གཡོས་སྦྱོར་བའི”རྩལ་ནུས་གསོ་སྦྱོང་ནང་ཞུགས་ནས། ཚལ་སྣ་ཚོགས་བཟོ་སྟངས་གོ་རིམ་ལྡན་པའི་ངང་སྦྱངས། གཡོས་སྦྱོར་གྱི་ལག་རྩལ་ཤེས་རྗེས། བྱང་ཆུབ་ཁྱོ་ཤུག་གཉིས་ཀྱིས་དཔལ་འབྱོར་སྒང་གྲོང་ཚོར་ཟ་ཁང་ཞིག་འཛུགས་རྩིས་བྱས་ཤིང་། བྱབ་ཆུབ་ཀྱིས་རང་ཉིད་ཀྱིས་སྦྱངས་པའི་གཡོས་སྦྱོར་ལག་རྩལ་ཆུང་མར་བསླབས་ཏེ། ཆུང་མ་ཡང་རང་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱས།

    “དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུའི་ཐོག བྱང་ཆུབ་ནི་དངོས་གནས་མི་འཇོན་པོ་ཞིག་རེད། ཁོང་གིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས། སྦྱངས་པའི་ལག་རྩལ་དང་ལག་ཤེས་ལེགས་པར་སྤྱད་དེ། དབུལ་སྒྲོལ་ཐུབ་པའི་དོན་དངོས་དཔེ་མཚོན་ལས་ཉེ་འཁོར་གྱི་མང་ཚོགས་ལ་མིག་དཔེ་བཟང་པོ་བསྟན་ཡོད། ཁོང་ནི་དཔལ་འབྱོར་སྒང་གྲོང་ཚོའི་ལས་བརྩོན་ཕྱུག་འགྱུར་གྱི་དཔེ་མཚོན་ཞིག་ཡིན་པས། གྲོང་ཚོའི་ན་གཞོན་ཚོས་ཁོང་ལ་སློབ་སྦྱོང་བྱེད་དགོས”ཞེས་དཔལ་འབྱོར་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་འཇམས་དབྱངས་ཀྱིས་བསྔགས་བརྗོད་བྱས་པ་རེད།

    ཁྱིམ་ཚང་གི་ཡིག་ཚགས།

    བྱང་ཆུབ། དིང་རི་རྫོང་དཔལ་འབྱོར་སྒང་གྲོང་ཚོའི་ཡུལ་མི། འདི་ལོ་ལོ་32ལ་སླེབས་པ། ཁྱིམ་ཚང་ལ་ཁྱོན་ནང་མི་བཞི་ཡོད། 2016ལོར། བྱང་ཆུབ་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་རེད། 2017ལོ་ནས་བཟུང་། བྱང་ཆུབ་དང་ཆུང་མས་ཕྱི་ལ་གླ་པ་རྒྱུག་པར་བསྐྱོད་པ་དང་ལག་རྩལ་སྦྱངས་ནས་ཕྱུག་འགྱུར་གྱི་ལམ་དུ་ཞུགས། 2018ལོར། བྱང་ཆུབ་ཀྱིས་གྲོང་ཚོ་ཨུ་ལྷན་ལ《ང་རང་དབུལ་སྒྲོལ་ཐུབ་པ་བྱས་ནས་དབུལ་ཞྭ་འབུད་རྒྱུ་ཡིན》ཞེས་པའི་ཞུ་ཡིག་ཕུལ་ནས་རང་འགུལ་ངང་དབུལ་ཞྭ་འཕུད་པའི་བརྩོན་ལེན་བྱས། 2020ལོར། བྱང་ཆུབ་ཁྱིམ་གྱི་ལོ་རེའི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་13ཟིན་པ་མ་ཟད། ད་དུང་ཁྱོ་ཤུག་གཉིས་ལ་དིང་རི་རྫོང་གིས“ལས་བརྩོན་ཁྱིམ་ཚང”གི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395932471