བོད་ལྗོངས།
སྣེ་ཁྲིད་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་པ།

    —— འདམ་གཞུང་རྫོང་གིས་སྤུས་རྟགས་བཏོད་པར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།

    སྣེ་ཁྲིད་ཡག་པོ་བྱས་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ།

    ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་གསར་གཏོད་ལ་བརྟེན་ནས་ལྗང་མདོག་སྒོ་དབྱེ་མཉམ་སྤྱོད་མཐུན་སྦྱོར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་ཀྱིས་ས་གཙང་བདེ་ཐང་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འདམ་གཞུང་གི་གནམ་མཚོ་དང་། “ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤ “7100”རྟགས་ཅན་གྱི་འཐུང་ཆུ་བཅས་ཀྱི་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་འབྲེལ“ལྷིང་འཇགས་འདམ་གཞུང”གི་སྤུས་རྟགས་འཕེལ་རྒྱས་ཀྱི་ཐོན་རྫས་མ་ལག་དང་། སྤུས་ཚད་མ་ལག མཁོ་སྤྲོད་འཁོར་འབྲེལ་མ་ལག་བཅས་བཏོད་དེ་སྤུས་རྟགས་བཏོད་པའི་ཐོག་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་འཆི་མེད་ཚེ་རིང་གིས“2016ལོ་ནས་2019ལོ་བར། འདམ་གཞུང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོར་ཆ་སྙོམས་10.5%འཕར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱུང་ཡོད། དེའི་ནང་ཡུལ་སྐོར་དང་། ‘ཐོབ་ཐང་ལག་ཁྱེར་ཡོད་པའི’ཚགས་ཤ རང་བྱུང་འཐུང་ཆུ་བཅས་སྤུས་རྟགས་ཆེན་པོ་གསུམ་ལས་བྱུང་བའི་དཔལ་འབྱོར་ཕན་འབྲས་ཀྱིས་རྫོང་དེ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བཟུང་ཚད་ཆེས་ཆེར་མང་དུ་སོང་ཡོད། སྤུས་རྟགས་གཏོད་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་གསོག་འཇོག་བྱས་ཡོད་ལ་འདེགས་སྐྱོར་བརྟན་པོ་ཡང་མཁོ་འདོན་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་ཆོག”ཅེས་བཤད།

    འདམ་གཞུང་རྫོང་ནི་རང་ལྗོངས་ཀྱིས་འབྲི་གཡག་གསོ་ཚགས་ཐོན་ལས་ཅན་དུ་སྐུལ་སྤེལ་གཏོང་བའི་སྔོན་སྐྱོད་པ་ཞིག་ཡིན།

    2015ལོར་འདམ་གཞུང་རྫོང་གིས“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤའི་སྤུས་རྟགས་བཏོད་དེ་གློག་རྡུལ་རྣ་བྱང(སྙིང་ལྷེབ)ཐོག་འབྲི་གཡག་གི་སྐྱེ་འཚར་བརྒྱུད་རིམ་དང་དེ་བཞིན་བདེ་ཐང་གི་གནས་ཚུལ་ཐོ་འགོད་བྱས་པ་དང་ད་དུང་འདམ་གཞུང་གི“ཐོབ་ཐང་ལག་ཁྱེར་ཡོད་པའི”འབྲི་གཡག་གི་ཁུངས་འདེད་མ་ལག་བཙུགས་ནས་འབྲི་གཡག་གསོ་ཚགས་ཚན་རིག་ཅན་དང་ལམ་ལུགས་ཅན་མངོན་འགྱུར་བྱུང་ཡོད། ད་ཆ“ཐོབ་ཐང་ལག་ཁྱེར་ཡོད་པའི”འབྲི་གཡག་ཀྲུང་གོ་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཐོན་རྫས་སུ་རེ་ཞུ་ལམ་ལྷོངས་བྱུང་ནས་འཛད་སྤྱོད་པའི་ཁྲོད་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། འདམ་གཞུང་རྫོང་གིས་ས་གཙང་འབྲོག་ར་དང་། ཁྱིམ་ཚང་འབྲོག་ར། འབྲི་གཡག་སྡོམ་གསོ་མཉམ་ལས་ཁང་སོགས་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་པར་བརྟེན་ནས་འདམ་གཞུང་རྫོང་ས་གཙང་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་དེར“དྲ་སྦྲེལ+ཀུང་སི། རྟེན་གཞི+མཁོ་མཁན”བཅས་ཀྱི་རྣམ་པ་སྤྱད་དེ་དྲ་གཤམ་དུ་ཉམས་ལེན་དང་དྲ་ཐོག་ཏུ་ཕྱིར་ཚོང་ཁྱབ་གདལ་ཧུར་ཐག་བཏང་ནས“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤའི་སྤུས་ཚད་བཏོད་པ་རེད། མིག་སྔའི་བར་ཀུང་སིའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་2524ཟིན་པ་དང“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤའི་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་1000ལྷག་ཙམ་ཟིན་ནས་དུད་ཚང2000ལྷག་གི་མང་ཚོགས་ལ་ཕན་པ་ཐོབ་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1500བྱུང་ཡོད་པ་རེད།

    “ང་ཚོས་ཚགས་ཤའི་ལས་སྣོན་ཞིབ་ཚགས་སུ་བཏང་ནས་མང་ཚོགས་ལ་ཕན་པ་ཆེ་ཤོས་ཐོབ་པ་བྱེད་ཀྱི་ཡིན”ཉེ་བའི་ལོའི་ནང་འབྲི་གཡག་གི་གསོ་ཚགས་དང་། སྡོམ་གསོ། ནད་འགོག གཏུམ་པ་སོགས་ཚང་མ་འཕྲུལ་འཁོར་གྱིས་བྱེད་ཀྱི་ཡོད་པས་ཐོན་སྐྱེད་ལས་ཆོད་ཆེ་རུ་སོང་ཡོད་ལ་དུས་ཚོད་དང་མ་གནས་ཀྱང་གྲོན་ཆུང་ཐུབ་ཡོད་ཅེས་འདམ་གཞུང་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཙོན་དབན་མིང་གིས་བཤད།

    ཉེ་བའི་ལོའི་ནང་འདམ་གཞུང་རྫོང་གིས་ད་དུང་སྒོར་ཁྲི་300བཏང་ནས་འདམ་གཞུང་གི་གཡག་རུས་དང་ཤ་སིལ་མས་རྒྱུ་གཙོ་བོར་བྱས་པའི་རུས་ཐང་དང་ཤ་སྨན། ཚགས་ཤའི་སུར་པན་སོགས་ཐོན་རྫས་སྣ་ཁ་10གསར་སྤེལ་བྱས་པ་དང་ཆབས་ཅིག བཟའ་བཏུང་ཐོན་ལས་བཙུགས་པས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་ཕྱིན་ཡོད།

    ཆུའི་ཐོན་ལས་ཡག་པོ་གཉེར་ནས་མང་ཚོགས་བདེ་སྐྱིད་འཚོ་བ་སྐྱེལ་དུ་བཅུག་པ།

    གཉན་ཆེན་ཐང་ལྷའི་རི་རྒྱུད་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་ཀྱི་འཁྱགས་རོམ་ཁུལ་ཆེ་ཤོས་ཡིན་པ་དེས་མུ་མཐའ་མེད་པའི་འདམ་གཞུང་རྩྭ་ཐང་བརླན་པར་བྱེད། ཆུའི་ཐོན་ཁུངས་སྤུས་ལེགས་དང་། ཧྥ་རན་སེ་ནས་ནང་འདྲེན་བྱས་པའི་རང་འགུལ་ཐོན་སྐྱེད་བརྒྱུད་རིམ། ནད་འབུ་མེད་པའི་བདེ་འཇགས་ཐོན་སྐྱེད་བཅས་ལས་ཐོན་སྐྱེད་བརྒྱུད་རིམ་གསལ་པོར་མཐོང་ཐུབ། འདམ་གཞུང་རྫོང་གི“7100རྟགས་ཅན་གྱི་རང་བྱུང་འཐུང་ཆུ”ད་ཆ་ཁྲོམ་རར་འགྲན་ནུས་ཆེ་ཙམ་ལྡན་ཡོད།

    “ལྷན་རྒྱས་སྐུ་ཁམས་བཟང་། ང་བོད་ལྗོངས་འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་འཆི་མེད་ཚེ་རིང་ཡིན། དེ་རིང་ང་ཚོས་ཐད་གཏོང་བྱེད་པའི་བརྗོད་དོན་གཙོ་བོ་ནི་བོད་ཀྱི་ལྷིང་འཇགས་འདམ་གཞུང་གི་འཐུང་ཆུ་7100རྟགས་ཅན་ཡིན”2020ལོའི་ཟླ་8པར“ས་གཙང་ལྷ་ས། ས་མཐོའི་སྤུས་ཟོག”ཅེས་པའི་འཛད་སྤྱོད་དབུལ་སྐྱོར་གྱི་ཐད་གཏོང་ལེ་ཚན་ལ་འཆི་མེད་ཚེ་རིང་གིས་དངོས་ཟོག་འཚོང་བའི་རྣམ་པ་བརྒྱུད་དེ་རྒྱ་ཆེའི་དྲ་གྲོགས་ཚོར་འདམ་གཞུང་གི་རང་བྱུང་འཐུང་ཆུ་དང་ཚགས་ཤ་སོགས་ཐོན་རྫས་ངོ་སྤྲོད་བྱས་པ་རེད།

    ཚོང་ཟོག་ཡག་པོ་ཡོད་ཚེ་ཉོ་མཁན་མེད་པའི་སེམས་ཁྲལ་མེད། དྲ་གཤམ་བྲིན་ཚོང་དང་། ཐད་གཏོང་ཟོག་ཚོང་། ས་གནས་ས་ཐོག་ཏུ་འོས་སྦྱོར་ངོ་སྤྲོད་བཅས་ཁོམ་པ་ཡོད་ཚེ་འཆི་མེད་ཚེ་རིང་གིས་དྭངས་གཙང་ཆུ་འཚོང་གི་ཡོད། “འཆི་མེད་ཚེ་རིང”གི་འབད་བརྩོན་ཆུད་ཟོས་སུ་སོང་མེད་པར། ད་ཕན་ལོ་ཤས་རིང་འདམ་གཞུང་རྫོང་གིས་དྲ་ཐོག་བྲིན་ཚོང་གི་མི་མངོན་པའི་ནུས་པ་ཧུར་ཐག་བསྔོགས་པ་ཕུད། ད་དུང་IPཧྥུའུ་ནེང་དང་། མིང་འབྲེལ་མཉམ་ལས། ཐབས་ལམ་མཉམ་ལས་སོགས་བྱེད་སྟངས་བརྒྱུད། “7100རྟགས་ཅན་གྱི་རང་བྱུང་འཐུང་ཆུ”ཐེན་མའོ་དང་ཅིང་ཏུང་སོགས་ཀྱི་དྲ་ཐོག་ལས་སྟེགས་ཐོག་བདེ་བླག་ངང་བཏོན་ནས། སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2020ལོའི་ཟླ་1ནས་ཟླ་11པའི་བར་ཁོ་ནར“7100རྟགས་ཅན་གྱི་རང་བྱུང་འཐུང་ཆུ”འཚོང་ཚད་ཏུན་6100ལྷག་ཙམ་ཟིན་པ་དང་བྲིན་ཚོང་སྒོར་ཁྲི་800ལྷག་ཙམ་ཟིན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། འདམ་གཞུང་རྫོང་གིས“ཆུའི”ཐོན་ལས་མུ་མཐུད་ཡག་པོ་གཉེར་རྒྱུ་ཡིན་པ་དང་། བོད་ལྗོངས་གནམ་མཚོ་གཏེར་ཆུ་བཟོ་གྲྭའི་འགན་འཁུར་བས་གསར་འགོད་པར་རྫོང་གིས་མ་དངུལ་སྒོར་ཁྲི་900ལྷག་ཙམ་བཏང་ནས་མ་བུའི་ཆུ་དང་སུའུ་ཏྲར་ཆུའི་ཐོན་སྐྱེད་སྒྲིག་ཆས་ཉོས་ཏེ། འདི་ལོར“7100རྟགས་ཅན་གྱི་མ་བུའི་ཆུ”དང“7100རྟགས་ཅན་གྱི་སུའུ་ཏྲར་ཆུའི”ཐོན་རྫས་རབ་དང་རིམ་པ་འདོན་རྒྱུ་དང་། དྲ་གཤམ་གྱི་ཐབས་ལམ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་དྲ་ཐོག་ཐབས་ལམ་ཡག་པོ་གཏོད་པ་དང་ཆབས་ཅིག “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་ཐོན་རྫས་ཁག་གཉིས་བྲིན་ཚོང་བྱེད་ཚད་སྒོར་ཁྲི་5000ཟིན་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བཤད།

    ཡུལ་སྐོར་ལས་དོན་སྤེལ་ནས། “སྣོད་བཅུད་ཀྱི་ཕན་འབྲས”ལོངས་སུ་སྤྱད་པ།

    ད་ཕན་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་དང་ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས། སྲོལ་རྒྱུན་གྱི“མཚོ་གཅིག་ཁོ་ནར་བརྟེན་པའི”ཡུལ་སྐོར་རྣམ་པ་ནས་བླ་རི་དང་། ལྷ་མཚོ། ཆུ་ཚན། འཁྱགས་རོམ། རྩྭ་ཐང་། འདམ་ར་བཅས་ཀྱིས་མཚོན་པའི་འདམ་གཞུང་ཡུལ་སྐོར་གྱི“ལེགས་ཆ་དྲུག”བར་རྒྱ་སྐྱེད་བཏང་བ་མ་ཟད། གནམ་མཚོའི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་དང་ཡངས་པ་ཅན་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་དེ་བཞིན་ཡུལ་ལྗོངས་མཛེས་ལྗོངས་ཁུལ(ས་ཚིགས)གསར་སྤེལ་བྱས་ཏེ“ལྗང་མདོག་ལས་དོན”ཧུར་ཐག་སྤེལ་བས། མང་ཚོགས་ལ“སྣོད་བཅུད་ཀྱི་ཕན་འབྲས”ལོངས་སྤྱོད་བྱེད་དུ་བཅུག་ཡོད། 2020ལོའི་ཟླ་9པའི་ཟླ་མཇུག་བར། རྫོང་ཡོངས་ཀྱི་མཛེས་ལྗོངས་ཁུལ་ཁག་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་50.6ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་5962བྱུང་ཡོད།

    གནམ་མཚོའི་མཛེས་ལྗོངས་ཁུལ་དུ་སྐྱོད་དགོས་ངེས་ཀྱི་ལམ་དང་གནམ་མཚོ་ཤང་གི་འགྲུལ་བཞུད་མང་ཤོས་ཀྱི་དུམ་བུར“དབུལ་སྐྱོར་དམངས་ཕན་རླངས་འཁོར་དང་སྦག་སྦག་ཉམས་བཟོ་ཁང”གི་སྒོ་བྱང་དེ་ཧ་ཅང་མངོན་གསལ་ཆེ་བ་ཞིག་ཡོད། འདི་ནི་ཤེས་རབ་ཚེ་རིང་གིས་བཙུགས་པའི་རླངས་འཁོར་དང་སྦག་སྦག་ཉམས་བཟོ་ཁང་རེད། 2020ལོའི་ཟླ་3པར་འབྲོག་པ་ཤེས་རབ་ཚེ་རིང་གིས་བསགས་དངུལ་དང་དབུལ་སྐྱོར་གྱི་གྲངས་ཉུང་དངུལ་བུན་སྤྱད་ནས་ཉམས་བཟོ་ཁང་ཞིག་བཙུགས་པ་དང་བྱང་ཆུབ་པའི་ཉམས་བཟོའི་ལག་རྩལ་ལ་བརྟེན་ཏེ་རང་ཉིད་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་ནས་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད།

    “གནམ་མཚོར་སྲུང་སྐྱོང་ཇི་ཙམ་ཡག་པོ་ཐུབ་ན་སྣོད་བཅུད་ཁོར་ཡུག་དེ་ཙམ་གྱིས་ལེགས་པ་དང་ང་ཚོའི་འཚོ་བ་ཡང་དེ་ཙམ་གྱིས་ཇེ་ལེགས་སུ་འགྲོ་སྲིད། ཉམས་བཟོ་ཁང་གིས་ཡུལ་སྐོར་བ་དང་གྲོང་མིར་སྟབས་བདེ་བསྐྲུན་པ་མ་ཟད། ང་ཚོའི་འཚོ་བའི་ཡོང་འབབ་ཀྱང་སྔར་བས་མང་དུ་ཕྱིན་སོང”ཞེས་ཤེས་རབ་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་ད་ཆ་གྲོང་ཚོའི་མི་མང་ཆེ་བས་མཛེས་ལྗོངས་ཁུལ་དུ་གླ་པ་རྒྱུག་པའམ་ཡང་ན་ཟ་ཁང་དང་མགྲོན་ཁང་གཉེར་ནས། རང་ཉིད་དང་འདྲ་བར་ཡུལ་སྐོར་ལ་བརྟེན་ནས་འབྱོར་ཕྱུག་གི་འཚོ་བ་སྐྱེལ་བཞིན་ཡོད་ཅེས་བརྗོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396451081