བོད་ལྗོངས།
ལོ་གསར་པར་དམིགས་བསལ་ལག་རྟགས་ཤིག ཡུལ་པད་མ་བཀོད་ལ་ཆེད་དུ་ཕུལ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན།

    “ཁེར་ཆགས་གླིང་ཕྲན”ཐོག་གི་རྐང་རྩེད་སྤོ་ལོ།

    བོད་ཀྱི་ཤར་ལྷོའི་མཐའ་མཚམས་སུ་གནས་པའི་རྫོང་གྲོང་ཆུང་ངུ་མེ་ཏོག་ཏུ་ལོ་གསར་གོང་གཉེར་བའི་ལས་ཞོར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཧ་ཅང་འཁྲུག་པོ་ཡོད་པ་སྐྱེ་བོ་མང་པོའི་བསམ་ཚོད་ལས་འདས་སྲིད། འགྲན་བསྡུར་དེའི་མིང་ལ“ཡར་ཀླུང་གཙང་པོའི་བུམ་པའི”འགྲན་བསྡུར་ཟེར་བ་དང་ད་ལོ་བར་སྐབས་13གཉེར་ཟིན་ཡོད།

    ལོ་16ལ་སླེབས་པའི་མོན་པ་རིགས་ཀྱི་བུ་དབང་ཆེན་ནོར་བུ་ནི་ཡུལ་དེར་སྐད་གྲགས་ཡོད་པའི་སྤོ་ལོ་སྤྱན་སྦིར་ཞིག་རེད། 2014ལོར་གདམ་སྒྲུག་འགྲན་བསྡུར་བརྒྱུད་ཁོང་ཧེང་ཏ་རྐང་རྩེད་སྤོ་ལོའི་སློབ་གྲྭར་ཚུད། འདི་ལོ་ཕ་ཡུལ་དུ་ལོག་སླེབས་དུས་སྐབས་འདིའི་འགྲན་བསྡུར་གྱི་འགྲན་ར་གསར་པ་བརྗེས་པ་ཤེས། ཀོང་ཏུང་ཧྥོའོ་ཧྲན་གྱིས་་རྒྱབ་སྐྱོར་བྱས་ནས་སྐྲུན་པའི་མི་11གི་རྐང་རྩེད་སྤོ་ལོའི་འགྲན་ར་ལས་མཇུག་འགྲིལ་ལ་ཉེ་བ་དང་འགྲན་བསྡུར་ཚང་མ་འདི་གར་གཉེར་རྒྱུ་་ཡིན་པ་རེད།

    གལ་ཏེ་མཁའ་དབྱིངས་ནས་ས་དབྱིབས་ལ་བལྟས་ཚེ་མེ་ཏོག་ཏུ་རྐང་རྩེད་སྤོ་ལོའི་འགྲན་ར་རྒྱག་སའི་ཐང་སྡེར་ཞིག་འཚོལ་བར་དཀའ་ལས་ཇི་ཙམ་ཡོད་པ་ཤེས་ཐུབ། རྫོང་ཧྲིལ་པོ་འཛམ་གླིང་ཐོག་གཏིང་ཟབ་ཤོས་ཀྱི་རོང་ཆེན་ཡིན་པའི་ཡར་ཀླུང་གཙང་པོའི་རོང་ཆེན་གྱིས་འཕྲེད་བཅད་བཏང་ཡོད་པ་དང་རྫོང་གྲོང་དང་ཤང་དང་གྲོང་ཚོ་ཁག་རོང་ཆེན་ངོགས་གཉིས་ཀྱི་གུ་དོག་པའི་ས་ཆར་གནས་པས་ཧོབ་དེ་བལྟས་ན་རི་གཟར་པོའི་སྟེང་དུ་བཀལ་བ་དང་གཉིས་སུ་མ་མཆིས།

    འོན་ཀྱང་དེ་སྔ་འགྲིམ་འགྲུལ་སྟབས་མི་བདེ་བའི་ས་ཆ་དེ་ཉིད་རྐང་རྩེད་སྤོ་ལོའི་ཞིང་ས་གཤིན་པོ་ཞིག་ཏུ་གྱུར་ཡོད།

    དབང་ཆེན་ནོར་བུའི་ཁྱིམ་རྫོང་གྲོང་གི་ནུབ་ཕྱོགས་སུ་ཡོད་པའི་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོར་གནས་ཤིང་། ཁོ་པའི་དྲན་འཆར་དུ་ཆུང་དུས་རྩེད་མོ་རྩེ་བའི་སྤོ་ལོ་ནི་ཤོག་བུ་སྦྱར་ནས་བཟོས་པ་ཞིག་ཡིན་པ་དང་། མཚམས་རེ་འགྱིག་དམ་གྱིས་སྤོ་ལོའི་ཚབ་བྱེད་ཀྱི་ཡོད། སྤོ་ལོ་ཡང་གྲོང་ཚོའི་མཐར་གནས་པའི་ས་སྟོང་དུ་རྒྱག་པ་ལས། ཤུགས་ཆེན་པོ་འབུད་ནུས་ཀྱི་མེད། ཤུགས་ཆེ་དྲགས་ན་སྤོ་ལོ་རི་གཤམ་དུ་ཟགས་ཀྱི་ཡོད།

    “མེ་ཏོག་རྫོང་རྒྱ་ཆེན་པོ་མེད་ནའང་རྐང་རྩེད་སྤོ་ལོ་དང་འབྲེལ་བའི་གཏམ་རྒྱུད་ཧ་ཅང་མང་པོ་ཡོད”ཅེས་ད་ཆ་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པའི་འགན་འཁུར་བཞིན་པའི་ངག་དབང་རྣམ་རྒྱལ་གྱིས་དེ་ལྟར་བརྗོད། ཁོང་ནི་དེ་སྔ་བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭར་ཆེད་ལས་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་ནང་ཞུགས་མྱོང་ཡོད་ལ། མེ་ཏོག་ཏུ་རྐང་རྩེད་སྤོ་ལོ་དར་ཁྱབ་གཏོང་མཁན་སྔ་ཤོས་ཀྱི་གྲས་ཤིག་ཀྱང་རེད།

    “ང་རང་2002ལོར་འདི་གར་ལོག་ནས་ལུས་རྩལ་དགེ་རྒན་བྱེད་པར་ཡོང་སྐབས་ལམ་བར་དུ་གངས་རི་བརྒལ་དགོས་ལ་གུར་ཡང་ཕུབ་དགོས་པ་དང་ཉིན་4བསྐྱོད་ན་གཞི་ནས་རྫོང་གྲོང་དུ་སླེབས་ཀྱི་ཡོད”ཅེས་ངག་དབང་རྣམ་རྒྱལ་གྱིས་དེ་ལྟར་བརྗོད། སྐབས་དེ་དུས་རྫོང་གྲོང་ཡོངས་སུ་ཧ་ལམ་རྐང་རྩེད་སྤོ་ལོ་ཤེས་མཁན་མེད་པས། ཁོང་གིས་ཉིང་ཁྲི་ནས་རྐང་རྩེད་སྤོ་ལོ་འགའ་ཤས་འཁྱེར་ཏེ་སློབ་མ་ཚོ་རྒྱག་ཏུ་བཅུག “འཐབ་རྩལ་མ་བསླབས་པར་ཕྲུ་གུ་ཚོ་སྤོ་ལོར་ཧབ་ཐོབ་རྒྱག་ཏུ་དང་འཕྲོག་རེས་བྱེད་དུ་འཇུག་གི་ཡོད། དེ་ལྟར་བྱས་ཚེ་རྒྱུག་ཤར་ཁོ་ན་གློད་པ་ལས་ལྡབ་མང་པོས་ཡག་པ་འདུག”

    རིམ་བཞིན་སྤོ་ལོར་དགའ་པོ་བྱེད་མཁན་མང་དུ་ཕྱིན་ཏེ་ཁོང་ཚོས་སློབ་གྲྭའི་ས་དང་བྱེ་མའི་ལུས་རྩལ་ཐང་དེ་ཁོད་སྙོམས་པ་དང་ཤིང་ལས་སྒོ་གཉིས་བཟོས་ཏེ་སྤོ་ལོ་རྒྱག་འགོ་ཚུགས། འོན་ཀྱང་ཤང་གི་གྲོགས་པོ་ཁག་གཅིག་རྫོང་གྲོང་དུ་སྤོ་ལོ་རྒྱག་པར་ཡོང་ཚེ་ཆུ་ཚོད་ཁ་ཤས་འགོར་གྱི་ཡོད།

    དབང་ཆེན་ནོར་བུ་ཡང་རྐང་ཐང་མར་སྤོ་ལོ་རྒྱག་པར་འགྲོ་མྱོང་ཡོད། སྐབས་དེ་དུས་ཁོང་གིས་ཤང་སློབ་ཆུང་གི་ཚབ་བྱས་ནས་རྫོང་དུ་འགྲན་བསྡུར་ལ་བསྐྱོད། རུ་གྲོགས་དང་མཉམ་དུ་རི་བོ་ཆེན་པོ་འགའ་ཤས་བརྒལ་རྗེས་ཡམ་ཡོམ་ཆེ་བའི་ལྕགས་ཐག་ཟམ་པའི་ཐོག་ནས་ཡར་ཀླུང་གཙང་པོ་བསྒྲལ་ཏེ་ཆུ་ཚོད་གསུམ་བཞི་ཙམ་བསྐྱོད་མཐར་གཞི་ནས་རྫོང་དུ་འབྱོར།

    དེ་སྔོན་ཧ་ལམ“གཞན་དང་འབྲེལ་ཐག་ཆད་པའི”ལོ་ཟླ་དེ་དག་ནང་རྐང་རྩེད་སྤོ་ལོས་མཐའ་མཚམས་རྫོང་གྲོང་ཆུང་ངུ་དེའི་ཁེར་རྐྱང་གི་འཚོ་བར་བསམ་པའི་རྒྱགས་ཕྱེ་སྦྱིན་ཡོད།

    ལོ་གསར་གོང་གི“ལག་རྟགས”

    ཕྱིས་སུ་རྫོང་གི་སློབ་གྲྭ་འབྲིང་ཆུང་དུ་སྔ་རྗེས་སུ་མི་ལྔའི་རྐང་རྩེད་སྤོ་ལོའི་འགྲན་ར་བསྐྲུན་པ་དང་། སློབ་གསོ་ཅུས་ཀྱིས་ཀྱང་ཉི་འོད་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས། མེ་ཏོག་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་ཡང་སེ་བླངས་པ་དང་དབང་ཆེན་ནོར་བུ་ཡང་ཧེང་ཏ་རྐང་རྩེད་སྤོ་ལོའི་སློབ་གྲྭར་ཚུད། དེ་དག་ཚང་མ་ལས་མེ་ཏོག་རྐང་རྩེད་སྤོ་ལོར་བཅངས་པའི་ཡིད་ཆེས་བརྟན་དུ་སོང་། མེ་ཏོག་དང་ཕྱི་ཕྱོགས་འབྲེལ་མཐུད་བྱེད་པའི་གཞུང་ལམ་དང་པོ་ཡིན་པའི་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་ཡང་2013ལོར་ཤར་གཏོང་ཐུབ།

    འོན་ཀྱང་མེ་ཏོག་ལ་སྔར་བཞིན་མི་བཅུ་གཅིག་གི་ཚད་ལྡན་རྐང་རྩེད་སྤོ་ལོའི་འགྲན་ར་ཞིག་མེད།

    2019ལོར་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མེ་ཏོག་རྫོང་གི་ལས་དོན་ཚོགས་ཆུང་མེ་ཏོག་ཏུ་བཅའ་སྡོད་བྱས་རྗེས། འདི་གའི་ས་བབ་མཐོ་ཚད་སྨི་1000ཡས་མས་ལས་མེད་པས། འགྲན་རྩོད་རིགས་ཀྱི་རྣམ་གྲངས་གཉེར་ན་འཚམ་པོ་ཡོད་ཀྱང་རྫོང་ཡོངས་སུ་སྤྱི་པའི་ལུས་རྩལ་བྱེད་སྒོའི་འགྲན་ར་ཆེ་གྲས་གཅིག་ཀྱང་མེད་པ་ཤེས། ཁོང་ཚོས་བསམ་ཚུལ་དེ་ས་གནས་དེ་གའི་ལས་བྱེད་པར་བཤད་རྗེས་མེ་ཏོག་རྫོང་དུ་སྤྱི་པའི་ལུས་རྩལ་གྱི་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་རྒྱུའི་ཐག་བཅད། མི་11གི་སྤྱི་པའི་རྐང་རྩེད་སྤོ་ལོའི་འགྲན་ར་ནི་དུས་ཐེངས་དང་པོའི་རྣམ་གྲངས་ཡིན་པ་དང་དུས་ཐེངས་གཉིས་པའི་རྣམ་གྲངས་ནང་སྤྱི་པའི་ཕྱོགས་བསྡུས་ལུས་རྩལ་ཐང་བསྐྲུན་རྒྱུ་མ་ཟད། ད་དུང་དེ་དང་མཉམ་དུ་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཆུང་གྲས་ཤིག་ཀྱང་བསྐྲུན་རྒྱུ་ཡིན་པ་རེད།

    འཛུགས་སྐྲུན་བྱེད་རིང་དམིགས་བསལ་དཀའ་ངལ་ཁག་གཅིག་འཕྲད་པ་དེ་དག་ཇུས་འགོད་དང་ཨར་སྐྲུན་ཚོགས་པའི་བསམ་ཡུལ་ལས་འདས། རི་ལམ་གྱི་ཁུག་ཆ་ཆེ་དྲགས་པས་འགྲན་རའི་གློག་ཤིང་དུམ་བུ་གསུམ་ལ་བཏང་སྟེ་ལྗིད་འདེགས་རླངས་འཁོར་ལ་བླུགས་ཀྱང་སྔར་བཞིན་ཁ་སྒྱུར་ཐུབ་ཀྱི་མེད་སྟབས། སྨི་30བྱས་པའི་གློག་ཤིང་རྣམས་སྨི་25ལ་མ་བཏང་ཐབས་མེད་བྱུང་། ཁྲབ་རྨོག་ནས་མེ་ཏོག་བར་གྱི་ཟམ་པར་ཐེག་ཚད་ཀྱི་ཚད་གཞི་བཟོས་ཡོད་པས། ངར་ལྕགས་ཀྱི་གྲུབ་ཆའི་ལྷུ་ལག་ཁག་གཅིག་འཕྲལ་ནས་ཆུང་ཆུང་བཟོས་རྗེས་སྐྱེལ་འདྲེན་བྱ་རྒྱུ་ལས་མ་འདས། ཨར་སྐྲུན་བྱེད་རིང་ཆར་ཞོད་ཆེ་བར་བརྟེན་གཞུང་ལམ་ཟླ་བ་གཅིག་ཙམ་བཀག་སྡོམ་བྱས་པས་རྒྱུ་ཆ་དབོར་འདྲེན་བྱེད་མི་ཐུབ་པ་སོགས་དཀའ་ངལ་གྲངས་ལས་འདས།

    “མེ་ཏོག་གི་མི་དམངས་ཚོས་ང་ཚོར་ལམ་དང་དྲ་བ་ཆད་ཀྱང་སྙིང་སྟོབས་མི་ཉམས་པ་དང་ཆུ་དང་གློག་ཆད་ཀྱང་སེམས་ཤུགས་མི་ཉམས་པ་བྱེད་དགོས་པ་བསླབས་བྱུང”ཞེས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མེ་ཏོག་རྫོང་གི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཡེ་མོན་ཅན་གྱིས་དེ་ལྟར་བརྗོད་པ་དང་། ཁོང་གིས་དཀའ་ངལ་མང་དག་ཅིག་ཁྱད་བསད་བྱས་ཏེ་འགྲན་ར“ཡར་ཀླུང་གཙང་པོའི་བུམ་པའི”འགྲན་བསྡུར་འགོ་མ་ཚུགས་གོང་སྤྱོད་རྒྱུ་བྱུང་བ་དེ་ནི་མེ་ཏོག་མི་དམངས་ལ་ཕུལ་བའི་དམིགས་བསལ་གྱི“ལོ་གསར་ལག་རྟགས”ཤིག་རེད་ཅེས་བརྗོད།

    རྫོང་གྲོང་ཆུང་ངུའི་རེ་འདུན།

    ད་ལྟ་མཇུག་འགྲིལ་མ་ཐག་པའི“ཡར་ཀླུང་གཙང་པོའི་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱིས་རུ་ཁག་18ཀྱི་ཡིད་དབང་བཀུག་ཅིང་། བདེ་ཞིང་ཤང་ཁོ་ན་ནས་འགྲན་བསྡུར་ནང་རུ་ཁག་4ཞུགས་པ་མ་ཟད། ད་དུང་རུ་ཁག་གཅིག་མཐའ་བསྡུར་ནང་ཚུད་པ་རེད།

    འགྲན་བསྡུར་དེ་ནི་མི་འབོར་14000ལྷག་ཙམ་ལས་མེད་པའི་རྫོང་གྲོང་ཆུང་ངུ་དེའི་ལོ་གསར་གོང་གི་གསར་འགྱུར་གལ་ཆེན་ཞིག་ཏུ་གྱུར་ཡོད། ན་ནིང་མེ་ཏོག་ཏུ་ཨར་འདམ་གཞུང་ལམ་གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་རྗེས་གྲོང་མི་མང་པོ་ཞིག་གིས་རླངས་འཁོར་ལ་བསྡད་ནས་རྫོང་གྲོང་དུ་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཤུགས་རྒྱག་པར་སླེབས་ཡོད། རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ལྟ་བར་རྐང་ཐང་མར་ལ་ཀླུང་རྒྱག་པའི་ལོ་ཟླ་ད་ཆ་ལོ་རྒྱུས་སུ་གྱུར།

    “འབྱུང་འགྱུར། སྤྱི་པའི་ལུས་རྩལ་ཐང་གི་ཁུལ་ཁོངས་རྫོང་གྲོང་གི་གྲོང་ཁྱེར་གྱི་བྱེད་སྒོ་ལྟེ་གནས་གསར་པ་ཞིག་ཡིན་སྲིད་ལ། དེས་ཉིང་ཁྲི་གྲོང་ཁྱེར་དང་ཐ་ན་རང་སྐྱོང་ལྗོངས་རིམ་པའི་འགྲན་བསྡུར་མེ་ཏོག་ཏུ་གཉེར་ནས་བོད་ཤར་ལྷོའི་ལུས་རྩལ་ཐོན་ལས་དང་ས་མཐོའི་ལུས་གསོའི་ལྟེ་གནས་གཏོད་ཐུབ”ཅེས་མེ་ཏོག་རྫོང་གི་རྫོང་དཔོན་ཝེ་ཀྲང་ཅིས་དེ་ལྟར་བརྗོད།

    ལོ་གསར་བཏང་རྗེས་དབང་ཆེན་ནོར་བུ་སླར་ཡང་ཀོང་ཏུང་དུ་ལོག་རྒྱུ་རེད། ཁོང་གི་རྐང་རྩེད་སྤོ་ལོ་རྒྱག་པའི་འཚོ་བ་དེ་འགག་རྩར་སླེབས་ཡོད་པས་རང་ཉིད་ཆེད་ལས་རྐང་རྩེད་སྤོ་ལོ་རྒྱག་མཁན་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ་བསམ་འདུན་དེ་མ་འགྲུབ་ཀྱང་མེ་ཏོག་རྫོང་དུ་ཕྱིར་ལོག་རྗེས་རྐང་རྩེད་སྤོ་ལོའི་དགེ་རྒན་ཞིག་བྱེད་བསམ་གྱི་ཡོད།

    “ཆེད་ལས་རྐང་རྩེད་སྤོ་ལོ་བ་ཞིག་གསོ་སྐྱོང་ཐུབ་ཀྱང་རུང་མི་ཐུབ་ཀྱང་རུང་། ངའི་གཅུང་པོ་དང་འདྲ་བའི་ཕྲུ་གུ་ཚོ་རྗེས་སུ་རང་གི་ཕ་ཡུལ་དུ་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་རྒྱུ་བྱུང་ནའང་ཧ་ཅང་ཡག་པོ་ཡོང་བ་འདུག”ཅེས་ཁོང་གིས་བརྗོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397580841