བོད་ལྗོངས།
ཡུལ་སྨད་གསར་པའི་མཐོང་ཐོས།

    ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང་། “ད་ཆའི་ཡུལ་སྨད་ནི་འབྱོར་འབྲིང་གི་ཡུལ་སྨད་རེད། ཁྱེད་རང་ཕེབས་ན་ཟ་སྡོད་ལ་སེམས་ཁྲལ་བྱེད་དགོས་མེད”ལོ་གསར་གོང་གསར་འགོད་པ་དེ་གར་བསྐྱོད་ནས་བཅར་འདྲི་བྱེད་སྐབས། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་སྤོབས་པ་ཆེན་པོས་དེ་ལྟར་བརྗོད་བྱུང་། འབྱོར་འབྲིང་གི་ཡུལ་སྨད་ཇི་ལྟར་ཆགས་པ་ཡིན་ནམ། དེ་གསར་འགོད་པས་ཤེས་འདོད་པའི་གནད་དོན་ཞིག་ཡིན།

    ལྷ་ས་ནས་ལྷོ་ཁ་གྲོང་ཁྱེར་བར་དང་དེ་ནས་ཀྱག་ཀྱོག་གི་རི་ལམ་ཆུ་ཚོད་7ལྷག་ཙམ་འགྲུལ་བཞུད་བྱས་རྗེས་སྒོར་མོ་ལ་བརྒལ་ཏེ་ཚང་ཚིང་སྟུག་པོ་ཞིག་བརྒྱུད་ཚེ“མཛེས་སྡུག་ལྡན་པའི་ཡུལ་སྨད་ཀྱིས་ཁྱེད་ལ་བསུ་བ་ཞུ”ཞེས་པའི་སྒོ་བྱང་ཞིག་མཐོང་ཐུབ།

    ཡུལ་སྨད་འདི་ཉིད་ཕྱོགས་བཞི་ལྗོན་ཤིང་གིས་བཏུམས་པའི་ལུང་ཤུར་དུ་ཆགས་པ་དང་། ང་ཚོ་རླངས་འཁོར་ནས་བབས་རྗེས་མིག་ལམ་དུ་འཆར་བ་ནི་གྲལ་སྟར་སྒྲིག་པའི་བོད་བཟོའི་སྡོད་ཁང་དང་། གཙང་སྦྲ་དོད་ལ་རྒྱ་ཆེ་བའི་གཞུང་ལམ། ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་བཅས་རེད་འདུག

    ང་ཚོས་ཤང་གི་ལས་བྱེད་པའི་སྣེ་ཁྲིད་འོག་སྒྲོལ་མ་གཡང་འཛོམས་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་བཅར་འདྲི་བྱེད་པར་བསྐྱོད་ཅིང་། ཚོམས་ཆེན་ནང་མེ་བཏང་ནས་ཇ་བཀོལ་བཞིན་ཡོད་པས་དྲི་ཞིམ་འཐུལ་བ་དང་སྒྲོལ་མ་གཡང་འཛོམས་ནང་ཚང་ཡང་ཐབ་ལ་བསྐོར་ནས་བསྡད་དེ་བརྙན་འཕྲིན་ལྟ་བཞིན་ཡོད་པ་རེད། ང་ཚོ་ཡོང་བ་མཐོང་སྐབས་ཁོང་གིས་མྱུར་དུ་ང་ཚོ་ཐོག་སོ་གཉིས་པར་བལྟ་བར་འཁྲིད་བྱུང་། ཐོག་སོ་གཉིས་པར་ཁང་མིག་བཞི་ཡོད་པ་དང་ཁང་པའི་ནང་དྲོད་འདོན་འཕྲུལ་ཆས་སོགས་གང་དགོས་ཅི་འདོད་ཡོད་པ་རེད།

    ཟླ་བས། ཡུལ་སྨད་ལ“ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང”ཞེས་བརྗོད་ཀྱི་ཡོད། མི་ཉུང་ཤོས་སྐབས་སུ་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གསུམ་ལས་མེད་པ་དང་། སངས་རྒྱས་ཆོས་འཕགས་དང་སྒྲོལ་དཀར་གྱིས་སྔ་རྗེས་སུ་ཤང་ཀྲང་ཡང་བྱེད་མྱོང་། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་ཡུལ་སྐོར་གསར་སྤེལ་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་ད་ཆ་ཡུལ་སྨད་ཤང་གི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་40ཟིན་པ་དང་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་34012ཟིན་གྱི་ཡོད། གྲོང་མི་མི་ཉུང་བ་ཞིག་གིས་ད་དུང་རང་ཁྱིམ་དུ་ཁྱིམ་ཚང་མགྲོན་ཁང་དང་། ཚོང་ཁང་། མྱུར་སྐྱེལ་ས་ཚིགས་སོགས་བཙུགས་ཡོད་ཅེས་ངོ་སྤྲོད་བྱས།

    ཕྱི་དྲོའི་ཆུ་ཚོད་བཞི་པ་ལྔ་པ་ཙམ་ལ་ང་ཚོ་གྲོང་མི་དབང་ཆེན་གྱི་ཁྱིམ་དུ་སྐྱོད་པ་དང་། དེ་དུས་ཁོང་ཚོ་ལྟོ་ཟ་བའི་སྒང་རེད་འདུག ཁོང་ཚོ་ནི་2019ལོར་ལྷུན་རྩེ་རྫོང་རི་རོང་ཤང་ནས་སྤོས་པ་དང་། དེར་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་རྩིས་ཡོད་པས་བཟའ་ཚོ་གཉིས་པོ་ཁྱིམ་ཚང་མགྲོན་ཁང་གི་མཛེས་བཟོའི་དོན་དུ་ཉིན་ལྟར་ལས་བྲེལ་ཆེན་པོ་ཡོད་པ་རེད། “ད་ལྟ་བར་དུ་ལས་ཀར་འགོར་ནས་གཞི་ནས་ལྟོ་ཟ་ཡི་ཡོད། དབྱར་ཁ་འགྲུལ་པ་མང་པོ་ཡོད་པས་ཉལ་ཁང་འདང་གི་མི་འདུག ད་ཆ་འགྲུལ་པ་ཉུང་བའི་སྐབས་དང་བསྟུན་ནས་ཉལ་ཁང་དང་ཟ་ཁང་ལ་མཛེས་བཟོ་རགས་ཙམ་བྱས་པ་ཡིན། དབྱར་ཁ་ང་ཕྱིར་སྐྱེལ་འདྲེན་བྱེད་པར་འགྲོ་བ་དང་། བཟའ་ཟླས་ཁྱིམ་དུ་མགྲོན་ཁང་གཉེར་ནས་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་10ལས་བརྒལ་བས་སྤུན་མཆེད་དང་གྲོགས་པོ་ཚོས་ང་ཚོར་ཡིད་སྨོན་ཆེན་པོ་བྱེད་ཀྱི་འདུག ངས་ད་དུང་དངུལ་བསགས་ནས་ཟོག་འདྲེན་རླངས་འཁོར་ཆེ་བ་ཞིག་ཉོ་རྩིས་ཡོད”ཅེས་དབང་ཆེན་གྱིས་བཤད།

    ཉེ་བའི་ལོའི་འཕེལ་རྒྱས་སྐོར་གླེང་སྐབས། ཡུལ་སྨད་ཤང་གི་དེ་སྔའི་ཤང་ཀྲང་སྒྲོལ་དཀར་ལ་མྱོང་ཚོར་ཆེན་པོ་ཡོད་པ་རེད། “འགྱུར་ལྡོག་ཆེན་པོ་ཕྱིན་སོང་། དེ་སྔ་གངས་བཏང་རྗེས་རི་ལམ་འགག་གི་ཡོད་པས་ལོ་ཕྱེད་གོང་ནས་དགུན་སྒྲོལ་གྱི་འཚོ་བའི་དངོས་ཟོག་གྲ་སྒྲིག་བྱེད་དགོས། ད་ཆ་འགྲོ་ལམ་ཤར་གཏོང་ཐུབ་པས་འཚོ་བའི་མཁོ་ཆས་དང་སྔོ་ཚལ་སོས་པ་སོགས་ཉོ་ཆོག་ཆོག་རེད། དེ་སྔ་གློག་ཁང་ཆུང་ཆུང་ཞིག་ལས་མེད་པ་དང་ད་ཆ་རྒྱལ་ཁབ་ཀྱི་དྲ་ཆེན་དང་མཐུད་པས་གློག་མི་འདང་བའི་སེམས་ཁྲལ་གཏན་ནས་བྱེད་དགོས་མི་འདུག མ་ཟད་4Gབརྡ་རྟགས་ཀྱང་ཤང་ཡོངས་ལ་ཁྱབ་པས་ཁྱིམ་ཚང་མགྲོན་ཁང་དང་ཚོང་ཁང་སོགས་ཚང་མར་ལག་ཐོགས་ཁ་པར་ནས་དངུལ་སྤྲོད་ཐུབ་ཀྱི་ཡོད”

    ཡུལ་སྨད་བའི་རིག་གནས་འཚོ་བ་ཡང་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད་ཅིང་། རོལ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་དང་སྦྲགས་གཞོན་ནུ་ཁག་གཅིག་གིས་ཞབས་བྲོ་ནང་སྦྱོང་བྱེད་བཞིན་ཡོད། “སྒྱུ་རྩལ་ཚོགས་པའི་དགེ་རྒན་གྱིས་གཟའ་འཁོར་གཉིས་ཀྱི་དུས་ཚོད་སྤྱད་དེ་ང་ཚོར་སྒོར་གཞས་དང་ཀོང་གཞས་བསླབ་བྱུང་། དེ་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་བྱས་པ་ཞིག་ཡིན་ལ་རིག་གནས་ཀྱི་ས་བོན་འདེབས་པ་ཞིག་ཀྱང་ཡིན། ཕྱིས་སུ་དུས་ཆེན་དང་བྱེད་སྒོ་གལ་ཆེན་གྱི་སྐབས་སུ་གྲོང་ཚོར་རང་ཉིད་ཀྱི་རིག་རྩལ་བྱེད་སྒོ་སྤེལ་ཆོག”ཅེས་ལྷུན་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་མཛུབ་ཁྲིད་དགེ་རྒན་ཚུལ་ཁྲིམས་རབ་བསྟན་གྱིས་བཤད།

    ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་ཁ་ཤས་སར་ཡུལ་སྨད་ཤང་གི་སྔོ་ཚལ་རྟེན་གཞི་ཡོད་པ་རེད། མ་གཞི་དགུན་ཁ་ཡིན་རུང་དྲོད་ཁང་ནང་ཧོང་ཀྭ་དང་། སོ་ལོ་སྔོན་པོ། པད་ཚལ་སོགས་སྔོ་ཚལ་སྣ་ཁ་10ལྷག་ཙམ་ཡག་པོ་སྐྱེས་ཡོད། འཆར་གཞི་ལྟར་ན་ཕྱིས་འབྱུང་ཡུལ་སྨད་ཤང་གིས་ད་དུང་སྔོ་ཚལ་འདེབས་ཁྱོན་ཆེ་རུ་བཏང་ནས་མང་ཚོགས་འབབ་འཕར་ཡོང་བར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།

    ཡུལ་སྨད་ཤང་གི་འཕེལ་རྒྱས་ལས་ཚོང་དུད་ལ་དངུལ་གསོག་པའི་གོ་སྐབས་རག་ཅིང་། ད་ཆ་ཤང་ནང་ཕྱི་ནས་ཡོང་བའི་ཚོང་དུད་གཉིས་ཡོད། ཁྱིམ་ཚང་མགྲོན་ཁང་དང་ཟ་ཁང་གཉེར་སྐྱོང་བྱེད་མཁན་གྱི་ཕྱི་ནས་ཡོང་བའམ་ཚོང་དུད་ཧྥན་ཡན་ཞུའེ་ཡིས“འགྲིམ་འགྲུལ་གྱི་ཆ་རྐྱེན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཡུལ་སྨད་ཀྱིས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ངེས་རེད་ལ་འབྲོག་ལས་མཉམ་ལས་ཁང་དང་། རང་བྱུང་འཐུང་ཆུའི་བཟོ་གྲྭ བོད་ཕག་གསོ་ཚགས་རྟེན་གཞི་སོགས་ཐོན་ལས་ཀྱི་བཀོད་ཇུས་ལས་མི་མང་པོའི་ཡིད་དབང་འགུག་ཐུབ་ངེས་རེད། ཡུལ་སྨད་ཀྱི་འཕེལ་རྒྱས་མདུན་ལམ་ཡངས་པས་ང་ཡུལ་སྨད་དུ་ཡོང་བ་ཡིན”ཞེས་བརྗོད།

    ཡུལ་སྨད་ཤང་སྲིད་གཞུང་གི་འགྲམ་དུ་སངས་རྒྱས་ཆོས་འཕགས་ཀྱི་སྡོད་གནས་རྙིང་པ་འགྲིམས་སྟོན་ཁང་དུ་བཅོས་ཟིན། “‘མི་གསུམ་ཤང’སྐབས་ཀྱི་འཚོ་བའི་རྣམ་པ་སླར་གསོ་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བྱས་ནས་གཞོན་རབས་པ་ཚོར་སངས་རྒྱས་ཆོས་འཕགས་ནང་ཚང་གི་མཐའ་བརྟན་མཐའ་སྲུང་གི་སྙིང་སྟོབས་ཤེས་རྟོགས་དང་གུས་འདུད་ཞུ་རུ་འཇུག་རྒྱུ་མ་ཟད།

    ཁོང་ཚོས་ཡུལ་སྨད་ཀྱི་སྔ་དེང་ལ་བསྡུར་བ་བྱས་ནས་དེ་རིང་གི་ལས་སླ་པོར་འབྱུང་བ་ཞིག་མིན་པའི་འཚོ་བར་གཅེས་འཛིན་བྱེད་དུ་འཇུག་གི་ཡིན”ཞེས་ཟླ་བས་བརྗོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397581261