བོད་ལྗོངས།
མཚོ་གཉིས་སུ་ཐེངས་བདུན་བསྐྱོད་པ།

    —— ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་རང་རྒྱལ་གྱི་ས་བབ་མཐོ་ཤོས་རྫོང་གི་འགྱུར་ལྡོག་ལ་དཔང་པོ་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཡིན་ཞིང་། དེར“མིའི་རིགས་ཀྱི་ལུས་ཁམས་ཀྱི་ཚོད་ལྟ་ཁང”ཞེས་བརྗོད་ཀྱི་ཡོད། མཁའ་རླུང་འདུས་ཚད་ཀླུང་ཐང་གི་40%ཡང་མེད་པ་དང་མིའི་ཆ་སྙོམས་ཚེ་ཚད་ལོ་58ཡིན་ལ། ལོ་ལྟར་ལྷགས་པ་ཤུགས་ཚད་ཆེ་བ་རིམ་པ་བརྒྱད་ཡན་རྒྱག་ཚད་ཉིན་200ཡན་ཟིན་གྱི་ཡོད།

    2017ལོ་ནས་བཟུང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཚོ་གཉིས་སུ་བཅར་འདྲི་བྱེད་པར་ཐེངས་བདུན་བསྐྱོད་ནས། དཀའ་ཚེགས་དང་གྲང་ངར་ཆེ་བའི་ས་ཁུལ་དེའི་ལོ་བཞི་ཡི་འགྱུར་ལྡོག་ལ་དཔང་པོ་བྱས། མཚོ་གཉིས་ཀྱི་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཆེད་འབད་འཐབ་ལྷོད་མེད་བྱེད་པ་དེ་ནི་དུས་རབས་འགྱུར་ལྡོག་གི་གསོན་ཉམས་ལྡན་པའི་གོམ་སྒྲ་ཞིག་རེད།

    ས་རྡོའི་ལམ་སྣུམ་ནག་ལམ་དུ་གྱུར་པ་དང་གློག་དྲ་ཆེ་མོ་མཉམ་མཐུད་བྱས་པ།

    2017ལོའི་ཟླ་བདུན་པར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་དང་མཉམ་དུ་གསར་འགོད་པས་ཐེངས་དང་པོར་མཚོ་གཉིས་སུ་བསྐྱོད་པ་ཡིན།

    ལྷ་ས་ནས་མཚོ་གཉིས་རྫོང་དབར་བར་ཐག་སྤྱི་ལེ་900ཙམ་ཡོད་པ་དང་རྒྱལ་ལམ་317སྒྲོལ་རྗེས། ད་དུང་སྤྱི་ལེ་200ལྷག་ཙམ་ཡོད་པའི་ས་རྡོའི་ལམ་དུ་བསྐྱོད་དགོས་པ་མ་ཟད་ལམ་བར་མི་མེད་ལུང་སྟོང་ཁུལ་མང་པོ་བརྒྱུད་དགོས་པས་ལག་ཐོགས་ཁ་པར་ལ་བརྡ་རྟགས་ཀྱང་མེད།

    སྨི་400ལྷག་ཙམ་ཡོད་པའི་ཁྲོམ་གཞུང་གི་གཡས་གཡོན་གཉིས་སུ་ཐོག་དཔང་དམའ་བའི་ཁང་པ་ཁ་ཤས་ལས་མེད་པ་དེ་ནི་མཚོ་གཉིས་ཀྱི་རྫོང་གྲོང་ཡིན།

    གསར་འགོད་པ་སྡོད་སའི་མཚོ་གཉིས་མགྲོན་ཁང་ནི་ཐོག་སོ་གཉིས་ལས་མེད་ཅིང་། ཁང་པའི་ནང་གསང་སྤྱོད་མེད་པས་སྒོ་རའི་ནང་གི་སྤྱི་པའི་གསང་སྤྱོད་སྤྱོད་དགོས་ཀྱི་ཡོད་ལ། ཀ་ལ་མེད་པས་སྐས་འཛེགས་འགྲམ་དུ་བཞག་པའི་ཆུ་ཟོམ་ནས་ཆུ་ལེན་དགོས་ཤིང་། ཉིན་ལྟར་གློག་དགོང་མོའི་ཆུ་ཚོད་8པ་ནས་12བར་མ་གཏོགས་གཏོང་གི་མེད།

    “མཚོ་གཉིས་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་ས་ཁུལ་ཞིག་རེད་འདུག”ཅེས་ཚན་རིག་རྟོག་ཞིབ་རུ་མི་ཚོས་ཡིད་ཐང་ཆད་དེ་བཤད།

    མཚོ་གཉིས་སུ་ལས་ཀ་ལོ་20ལྷག་ཙམ་བྱེད་མྱོང་བའི་པ་སངས་སྟོབས་རྒྱལ་གྱིས་ཐོག་མར་མཚོ་གཉིས་སུ་འབྱོར་སྐབས་ཀྱི་གནས་ཚུལ་དག་ད་ཆའང་སེམས་ལ་གསལ་པོར་ངེས་ནས་ཡོད།

    “2002ལོར། ང་སློབ་ཆེན་ཐོན་ནས་མཚོ་གཉིས་སུ་ལས་བགོས་བརྒྱབ་བྱུང་། ནག་ཆུ་ནས་རླངས་འཁོར་བསྡད་དེ་མཚོ་གཉིས་སུ་སྐྱོད་སྐབས་ས་རྡོའི་ལམ་ཡིན་པས་ལམ་བར་ཉིན་བཞི་འགོར་བྱུང”

    “སྐབས་དེ་དུས་སོ་ཕག་གིས་བརྒྱབ་པའི་ཉལ་ཁང་གི་གྱང་རྩི་བཞུས་པ་དང་སྒེའུ་ཁུང་གི་ཁྲ་མ་ཡང་ཆ་མི་ཚང་བས་འགྱིག་ཤོག་གིས་བཀག་ཀྱང་ལྷགས་པ་འཛུལ་ནས་དགོང་མོ་གཉིད་ཁུག་ཐུབ་ཀྱི་མི་འདུག”

    “ལམ་ཡག་པོ་མེད་ཙང་། མཚོ་གཉིས་ནས་ཕ་ཡུལ་དུ་བསྐྱོད་པར་དཀའ་ངལ་ཆེན་པོ་འདུག 2007ལོར་ཨ་མར་ནད་གཞི་ལྕི་པོ་ཕོག་པ་དང་2008ལོར་པཱ་ལགས་གྲོངས་ཀྱང་ལས་ཀ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་ལོག་ཐུབ་མ་བྱུང”

    2020ལོའི་ཟླ་1པོར། གསར་འགོད་པ་མཚོ་གཉིས་སུ་ཐེངས་བཞི་པ་སྐྱོད་སྐབས། ཧང་སངས་དགོས་པའི་འགྱུར་ལྡོག་བྱུང་འདུག་རྩྭ་ཐང་དུ་སྣུམ་ནག་ལམ་བཏིང་བ་དང་། མགྲོན་ཁང་དུའང་ཉིན་གང་གློག་ཡོད་པས་གློག་ཆད་པའི་སེམས་ཁྲལ་མེད།

    “མཚོ་གཉིས་རྫོང་གི་མང་ཚོགས་ཁྲི་1.4ཡི་ཆེད་རྒྱལ་ཁབ་ཀྱིས་དངུལ་མང་པོ་བཏང་བར་བརྟེན་མཚོ་གཉིས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་གཏིང་ནས་དགའ་ཚོར་དང་ཐུགས་རྗེ་ཞུ་བཞིན་ཡོད། མཚོ་གཉིས་ས་ཐག་རིང་ཡང་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་བརྗེད་མེད”ཅེས་མཚོ་གཉིས་རྫོང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཝུན་ཧྲེང་གིས་དེ་ལྟར་བརྗོད།

    ཁྱིམ་གཞིས་གསར་པ་བསྐྲུན་ནས་འཚོ་བ་གསར་པར་རོལ།

    ལྷ་ས་ནས་ལྷོ་ཕྱོགས་ཀྱི་སྤྱི་ལེ་50སར་ཡར་ཀླུང་གཙང་པོ་ལང་ལོང་དུ་རྒྱུག་ཅིང་། གཙང་པོའི་བྱང་ངོགས་སུ་ལོ་ཆུང་ཁག་གཅིག་རྐང་རྩེད་སྤོ་ལོ་རྒྱག་བཞིན་འདུག

    “དེ་གར་ས་བབ་དམའ་བས་གནམ་གཤིས་དྲོ་པོ་འདུག ལོ་གསར་གཏོང་སྐབས་ཡང་རྩེད་མོ་རྩེད་ས་མང་པོ་འདུག”ཅེས་ལོ་16ལ་སླེབས་པའི་ཉི་མ་ཚེ་རིང་གིས་ང་ཚོར་དེ་ལྟར་བཤད་ནས་མུ་མཐུད་རོགས་པ་ཚོ་དང་སྤོ་ལོ་རྒྱག་པར་ཕྱིན།

    འདི་ནི་ཉི་མ་ཚེ་རིང་སྲིན་བུ་རིའི་ཁང་པ་གསར་པར་ལོ་གསར་གཏོང་ཐེངས་གཉིས་པ་དེ་རེད།

    འོན་ཀྱང་ཉི་མ་ཚེ་རིང་གི་ཕ་བཀྲ་ཤིས་དང་ཨ་མ་ནོར་འཛིན་ད་དུང་བར་ཐག་སྤྱི་ལེ་ཆིག་སྟོང་སར་ཡོད་པའི་མཚོ་གཉིས་ཕ་ཡུལ་དུ་ཕྱུགས་འཚོ་བཞིན་ཡོད།

    “ཕ་ཡུལ་དང་བྲལ་ནས་བུ་ཕྱིར་གཏོང་དོན་ནི་སླད་འཚོ་བ་ཡག་པོ་སྐྱེལ་ཆེད་ཡིན”ཞེས་ལོ་ཁ་ཤས་བུ་དང་བྲལ་བའི་རྨོ་བོ་བདེ་ཆེན་གྱིས་སེམས་ཁྲལ་མེད་པའི་ངང་དེ་ལྟར་བརྗོད།

    དུས་རབས་ཉི་ཤུ་པའི་ལོ་རབས་70ལ་རྩྭ་ཕྱུགས་ཀྱི་འགལ་ཟླའི་གནད་དོན་ཞི་ལྷོད་དུ་གཏོང་ཆེད“དཔའ་བོ་བཅོ་བརྒྱད”མི་མེད་ལུང་སྟོང་ཁུལ་དུ་བསྐྱོད། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་བདེ་ཆེན་ནག་ཆུ་གྲོང་ཁྱེར་ཤན་རྩ་ནས་བྲལ་ཏེ་བྱང་རྒྱུད་ཀྱི་སྤྱི་ལེ་300ལྷག་ཙམ་གྱི་སར་སྤོས་ནས་ཁྱིམ་གཞིས་གསར་པ་བཙུགས།

    རྩྭ་ཕྱུགས་དབར་གྱི་འགལ་ཟླ་ཐག་གཅོད་བྱུང་མོད། འོན་ཀྱང་མཐོ་གྲང་དང་གསོ་རླུང་དཀོན་ལ་ས་ཐག་ཅུང་རིང་བའི་ཁར་མཚོ་གཉིས་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོར་ད་དུང་འཐུང་ཆུ་དང་། སློབ་གྲྭར་སྐྱོད་པ། ནད་ལྟ་བ། ཕྱིར་སྐྱོད་པ་སོགས་ཀྱི་ཐད་དཀའ་ངལ་འཕྲད་བཞིན་ཡོད་པས་རྫོང་ཡོངས་སུ་དབུལ་པོ་ཐོན་ཚད་35%ཟིན།

    “མཚོ་གཉིས་ཀྱི་ས་ཁྱོན་ཕྱེད་ཀ་ཡན་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་ཚུད་པ་དང་རྩྭ་ར་ལོ་ལྟར་3%ནས་5%བར་གྱི་མྱུར་ཚད་ཀྱིས་ཉམས་ཞན་དུ་འགྲོ་ཡི་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཛོམས་དགས་འགལ་ཟླ་གཞན་ཞིག་བརྗོད།

    2018ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དང་རང་བྱུང་ཁམས་གཉིས་ཀའི་ཆེད་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་འཆར་འགོད་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས།

    “གནས་སྤོས་མ་ཚར་གོང་། ན་གཞོན་ཚོས་ད་དུང་མཚོ་གཉིས་རྫོང་དུ་ཕྱུགས་འཚོ་གྱིན་ཡོད། སྲིན་བུ་རིའི་སྒྲིག་བཀོད་ལེ་ལག་ཐོན་ལས་ཆ་ཚང་གྲུབ་རྗེས་ན་གཞོན་ཚོ་མཚོ་གཉིས་ནས་སྤོ་རྒྱུ་རེད”2020ལོའི་ཟླ་8པར་གསར་འགོད་པ་མཚོ་གཉིས་རྫོང་དུ་ཐེངས་6པ་བསྐྱོད་དུས་དབྱང་ཝུན་ཧྲེང་གིས་མི་རིང་བར་མཚོ་གཉིས་རྫོང་ཆ་ཚང་སྲིན་བུ་རིར་སྤོ་རྒྱུ་རེད་ཅེས་བཤད།

    མཛེས་སྡུག་ལྡན་པའི་མཐོ་ས་དང་ལང་ཚོས་ཕྱུག་པའི་ཕ་ཡུལ།

    མཚོ་གཉིས་ལྟར་གྱི་མཐོ་གྲང་ཁུལ་དེ་ལྟ་བུ་ནི་བློ་སྟོབས་ལ་ཞུན་བརྡར་སྤྲོད་ཡུལ་ཞིག་རེད།

    2020ལོའི་ཟླ་4པར། གསར་འགོད་པ་མཚོ་གཉིས་རྫོང་དུ་ཐེངས་5པ་བསྐྱོད་དུས་ཐེངས་གཉིས་པའི་བོད་སྐྱོར་ལས་བྱེད་པ་ལེང་ནན་ཡུས་འཕྲད་བྱུང་། ཐེངས་དང་པོའི་བོད་སྐྱོར་དུས་ཡུན་ལོ་གསུམ་གཙང་རྗེས་ཁྲག་ཤེད་དང་། ཁྲག་ཚིལ། གཅིན་སྐྱུར་བཅས་མཐོ་པོ་ག་ཚོད་ཡོད་ཀྱང་བསམ་བློ་ཞིབ་ཕྲ་བཏང་རྗེས་ཁོང་གིས་མུ་མཐུད་བོད་སྐྱོར་བྱ་རྒྱུའི་ཐག་བཅད།

    བོད་སྐྱོར་བྱེད་ཐེངས་གཉིས་པའི་སྐོར་གླེང་སྐབས་ཁོང་གིས“བོད་སྐྱོར་བརྗེ་རེས་སླེབས་མཚམས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དུས་དང་ཏག་ཏག་འཁེལ་ཡོད། ང་རང་ཞུགས་པའི་དབུལ་སྐྱོར་ཐོན་ལས་དུས་བཀག་ལྟར་ལེགས་སྒྲུབ་བྱུང་ནས་ཡང་བསྐྱར་མཚོ་གཉིས་ལ་ལེགས་སྐྱེས་ཏོག་ཙམ་འབུལ་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། གསར་འགོད་པས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ལྷག་ཙམ་གྱི་གྲང་ངར་ལ་མ་འཛེམས་པར་སླར་ཡང་མཚོ་གཉིས་སུ་བསྐྱོད་ནས་དབྱང་ཝུན་ཧྲེང་དང་གླེང་མོ་བྱེད་སྐབས། 2017ལོར་དམག་ཞབས་ཐིམ་པའི་ཧྲེ་ཀོན་དམག་མི་17གྱིས་རང་འགུལ་ངང་མཚོ་གཉིས་སུ་ལས་ཀ་བྱེད་པར་ཡོང་སྟེ་ལང་ཚོ་སྐྱེས་སུ་ཕུལ་བའི“མཚོ་གཉིས་ཀྱི་དཔའ་བོ་བཅུ་བདུན་གསར་པའི”སྐོར་བཤད།

    གསར་འགོད་པས་ཤེས་རྟོགས་བྱུང་གསལ། མི་17དེ་དག་ཕལ་ཆེ་བ“90ནང་སྐྱེས”ཀྱི་ཏང་ཡོན་ཤ་སྟག་རེད། དང་ཐོག་རྩ་འཛུགས་སྡེ་ཚན་གྱིས་ན་གཞོན་དེ་དག་དེ་གར་འཁྱོལ་མིན་ལ་སེམས་ཁྲལ་ཆེན་པོ་བྱས། འོན་ཀྱང་ལོ་གསུམ་ལྷག་ཙམ་ཕྱིན་རུང་ཕྱིར་འཐེན་བྱེད་མཁན་གཅིག་ཀྱང་བྱུང་མེད།

    མཚོ་གཉིས་སུ་ཐེངས་བདུན་བསྐྱོད་རིང་། གསར་འགོད་པས“གཅིག་ཀྱང་མི་ལུས་པ་བྱེད་པའི”དམ་བཅའ་བརྟན་པོར་དཔང་པོ་བྱས་པ་མ་ཟད། ས་མཐོའི་མི་དམངས་ཀྱི་བློ་རྩ་བརྟན་པོ་དང་བློ་སྟོབས་མངོན་པར་བྱས་ནས་དུས་རབས་གསར་པར་མཚོ་གཉིས་ལ་བྱུང་བའི་འགྱུར་ལྡོག་ལ་བསྟོད་གླུ་ཕུལ་བཞིན་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397656511