བོད་ལྗོངས།
རྫ་ཡུལ་རྫོང་ལུང་འགོ་གྲོང་ཚོའི་སྐྱེ་ཁམས་སྡོད་མལ་ལ་འཚམ་ཞིང་ཁྱིམ་གཞིས་མཛེས།

    “ཁྱེད་རྣམས་ཕེབས་པ་ཕྱི་དྲགས་སོང་། གལ་ཏེ་སྟོན་ཁར་ཕེབས་པ་ཡིན་ན་གྲོང་ཚོའི་དུད་ཚང་ཚང་མའི་ཤིང་འབྲས་སྨིན་ཡོད་པས་ཁྱིམ་ཚང་རེ་ནས་ཕྲན་ཙམ་རེ་མཆོད་ན་གྲོད་པའང་རྒྱག་གི་རེད། གྲོང་ཚོའི་ཀུ་ཤུ་དང་ལི་ཚང་མ་ཧ་ཅང་ཞིམ་པོ་ཡོད”ཅེས་ལུང་འགོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་མའོ་ཏན་ཏན་གྱིས་གསར་འགོད་པར་འཛུམ་དམུལ་དམུལ་ངང་བརྗོད།

    ལུང་འགོ་གྲོང་ཚོ་ནི་རྫ་ཡུལ་རྫོང་གི་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་ཞིག་རེད། ལུང་འགོ་གྲོང་ཚོས་གྲོང་ཚོའི་སྐྱེ་ཁམས་ལེགས་སུ་གཏོང་བའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་དྲིལ་བསྒྲགས་ཡུན་རིང་བྱས་པ་དང་། རྨོ་ཞིང་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ་མ་ཟད། སྐྱེ་ཁམས་ཁོར་ཡུག་གཙིགས་ཆེར་བཟུང་སྟེ་སྡོད་མལ་ཁོར་ཡུག་ལ་བཅོས་སྒྲིག་ཧུར་ཐག་བྱས་པ་དང་ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད།

    “ང་རང་ཆུང་དུས་སུ་དུད་ཚང་ཚང་མ་རི་སྟེང་དུ་མེ་ཤིང་འཐུ་བར་འགྲོ་ཡི་ཡོད། ད་ཆ་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པས། རི་སྟེང་དུ་ཤིང་གང་བྱུང་གཅོད་པར་འགྲོ་ཡི་མེད”ཅེས་ལུང་འགོ་གྲོང་ཚོའི་གྲོང་མི་སྒྲོལ་མ་ཚེ་རིང་གིས་ངོ་སྤྲོད་བྱས།

    2020ལོའི་ཟླ་7པར་ལུང་འགོ་གྲོང་ཚོས་གད་སྙིགས་རིགས་དབྱེ་བྱེད་འགོ་ཚུགས་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཡུལ་མིའི་ཚོགས་ཆེན་ཐེངས་མང་འཚོགས་ནས་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་བྱས་པས། ཡུལ་མིའི་གད་སྙིགས་རིགས་དབྱེའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་སོང་ཡོད།

    གད་སྙིགས་རིགས་དབྱེའི་ལས་དོན་སྔར་ལས་ལེགས་པར་སྒྲུབ་ཆེད། རྫ་ཡུལ་རྫོང་གིས་གྲོང་ཚོར་གད་སྙིགས་བསྡུ་རུབ་རླངས་འཁོར་ཞིག་བཀོད་སྒྲིག་བྱས་པ་དང་། གྲོང་ཚོའི་ཁ་ལོ་བའི་ལག་ཁྱེར་ཡོད་པའི་ཡུལ་མིས་རང་འགུལ་ངང་གད་སྙིགས་དབོར་འདྲེན་གྱི་ལས་འགན་འཁུར་གྱི་ཡོད།

    ལུང་འགོ་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་པས། གྲོང་ཚོའི་ཁོར་ཡུག་གི་གཙང་སྦྲ་ཡག་པོ་ཡོང་བ་དང་སྒོ་ཕྱུགས་ལ་གཟན་ཆག་སྟེར་སྐབས་སྟབས་བདེ་ཡོང་ཆེད། 2020ལོར་ལུང་འགོ་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་མཐོ་གྲང་འབྲོག་ཁུལ་གྱི་ལྷས་ར་སྒྱུར་བཀོད་བྱས་པ་རེད།

    གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག་བསམ་པའི་དཔལ་ཡོན་སྲོལ་གཏོད་ལའང་རྗེས་ལུས་ཐེབས་མེད། 2020ལོའི་ཟླ་5པར་གྲོང་ཚོས་མི་16ལས་གྲུབ་པའི་གྲོང་ཚོ་རིམ་པའི་རིག་རྩལ་རུ་ཁག་བཙུགས་ཏེ་གྲོང་རྡལ་དང་རྫོང་དུ་འཁྲབ་སྟོན་བྱེད་པར་འགྲོ་ཡི་ཡོད། ལུང་འགོ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བསོད་ནམས་དབང་མོས“ང་དང་ཐོག་འདིར་སླེབས་སྐབས་ཁོ་ཚོས་ཞབས་བྲོ་འཁྲབ་པར་འཚེར་སྣང་བྱེད་ཀྱི་འདུག ངས་དྲ་ཐོག་ནས་བརྙན་ལམ་བཙལ་ཏེ་ཁོ་ཚོར་ལྕག་སྐུལ་བྱས་པ་དང་སྐབས་རེ་ཁོ་ཚོ་དང་མཉམ་དུ་ལེ་ཚན་གསར་པ་ནང་སྦྱོང་བྱེད་ཀྱི་ཡོད། ད་དུང་གྲོང་ཚོར་ཞིང་པའི་དཔེ་ཁང་བརྒྱབ་ཡོད་པས་ཡུལ་མི་ཚོས་དཔེ་དེབ་བལྟ་ཆོག་པ་དང་སློབ་ཕྲུག་ཚོས་ཡིག་གཟུགས་སྦྱང་ཆོག ད་ཆ་ཡུལ་མིའི་སྤྲོ་གསེང་རོལ་རྩེད་བྱེད་སྒོ་སྔར་ལས་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད”ཅེས་ངོ་སྤྲོད་བྱས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397657131