བོད་ལྗོངས།
ཡར་ལངས་ཞིང་བྲན་འབྱོར་འབྲིང་ཕྱོགས་སུ་བསྐྱོད། —— བོད་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་ཐོག་མ་འཛུགས་ས་ཁེ་གསུམ་སྡེ་ཁུལ་གྱི་སྐོར་བཀོད་པ།

    

 

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།

    ཁྲག་གི་མིག་ཆུས་བགྲང་པའི་སྡུག་བསྔལ།

    1959ལོར་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དེ་སྐབས་དེ་དུས་ཁེ་གསུམ་གྲོང་ཚོ་ནས་འགོ་ཚུགས་པ་དང་། “བོད་ཀྱི་ཞིང་ལས་མཐུན་ཚོགས་དང་པོ”དང“བོད་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་དང་པོ”ཁེ་གསུམ་དུ་གཅིག་རྗེས་གཉིས་མཐུད་ངང་བཙུགས་པས་ཞིང་བྲན་ཡར་ལངས་བདག་པོར་གྱུར་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།

    སྔོན་མ་ཞིང་བྲན་གྱི་མིག་ནང་གི“མི་ཡུལ་གྱི་དམྱལ་བ”དེ་ད་ཆ་མི་ཡུལ་གསར་པ་ཞིག་ཏུ་གྱུར་ནས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་གཞུང་དང་། ཀ་བཞི་གདུང་བརྒྱད་ཀྱི་བོད་བཟོའི་སྡོད་ཁང་། ལས་བྲེལ་ཆེ་ལ་ངོ་གདོང་ནས་འཛུམ་མདངས་འཕྱུར་བའི་གྲོང་མི་སོགས་ཚང་མ་ནས་དམངས་གཙོའི་བཅོས་སྒྱུར་བྱེད་སྔ་ཤོས་ཀྱི་ཁེ་གསུམ་གྲོང་ཚོའི་འཕོ་འགྱུར་དང་རེ་བ་མངོན།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་འགྲེམས་སྟོན་ཁང་དུ་སྐྱོད་སྐབས། ཇི་མ་ཇི་བཞིན་གྱི་ཞིང་བྲན་གྱི་སྡོད་ཁང་ཐབས་ཆག་དང་། འཇིགས་སྣང་ཆེ་བའི་ཁྲིམས་ཆས། མུན་པ་ནག་ཅིང་འཇིགས་སུ་རུང་བའི་བཙོན་ཁང་སོགས་ཀྱི་དངོས་པོ་དང་རྣམ་པ་ལས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་དུས་སྐབས་ཀྱི་ཞིང་བྲན་གྱི་འཚོ་བའི་རྣམ་པ་མངོན་ནས་སྐྱི་གཡའ་བ་ཞིག་ཡོད།

    ལོ་62གོང་གི་ཁེ་གསུམ་གྲོང་ཚོ་ནི་བོད་རྙིང་པའི་ཞིང་བྲན་བདག་པོ་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་གཞིས་ཀ་རེད། གཞིས་ཀ་དེའི་ནང“སྨྲ་ཤེས་པའི་ལག་ཆ”(ཞིང་བྲན)302ཀྱིས་ཉིན་ལྟར་ཁྲལ་དང་འུ་ལག་ལྕི་པོ་རྒྱུག་དགོས་པ་དང་ལོ་འཁོར་མོར་དཀའ་སྡུག་ཚད་མེད་མྱངས་ཀྱང་མཐར་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པའི་ཁར་ཉེས་རྡུང་ཡང་ཚད་མེད་གཟེད་དགོས་ཀྱི་ཡོད།

    ལོ་78ལ་སླེབས་པའི་ཁེ་གསུམ་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དོན་གྲུབ་ཀྱིས་ཁེ་གསུམ་གཞིས་ཀའི་གདུག་རྩུབ་ནི་འགྲེམས་སྟོན་ཁང་ནང་བཀལ་བའི་པར་དང་དངོས་པོ་དེ་དག་ལས་ཚབས་ལྕི་བ་ཡོད། སྐབས་དེ་དུས་ཞིང་བྲན་ཚོས་མྱངས་པའི་སྡུག་བསྔལ་ནི་ནམ་མཁའི་སྐར་ཚོགས་དང་འདྲ་བར་གྲངས་ལས་འདས་ཞེས་བརྗོད།

    1968ལོར་ཁེ་གསུམ་བ་ཚོས་ཁེ་གསུམ་གཞིས་ཀའི་དངོས་ཡོད་གཏམ་རྒྱུད་ལ་གཞིགས་ནས་རང་རྩོམ་རང་འཁྲབ་བྱས་པའི་གར་སྟེགས་འཁྲབ་ཚན《ཞིང་བྲན་གྱི་མིག་ཆུ》ཞེས་པ་འཁྲབ་པ་དང་། འཁྲབ་ཚན་ནང་འཕྲིན་ལས་རྡོ་རྗེའི་ནང་ཚང་ལ་ཞིང་བྲན་བདག་པོས་ཡ་ང་སྙིང་རྗེ་མེད་པར་བརྙས་བཅོས་བཏང་བའི་ཡ་ང་བའི་གནས་ཚུལ་བརྗོད་པས་བོད་རྙིང་པའི་མུན་ནག་དམར་རྗེན་དུ་བཏོན་ཡོད།

    པར་གོང་མའི་གཡོན་ནི་བོད་ཀྱི་ཞིང་བྲན་ལམ་ལུགས་འོག་གི་མིས་མི་འཁུར་བའི་འུ་ལག་རྒྱུག་པའི་རྣམ་པ་ཡིན། པར་གོང་མའི་གཡས་ནི་དུད་འགྲོ་དང་མཉམ་དུ་བསྡད་པའི་ཞིང་བྲན། པར་འོག་མ་ནི་ཞིང་བྲན་ཡེ་ཤེས་ཆོས་འཕེལ་ངལ་རྩོལ་བྱས་རྗེས་ཁྱི་དང་མཉམ་དུ་ཉལ་བའི་རྣམ་པ་ཡིན། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    རླབས་ཆེན་གྱི་འཕོ་འགྱུར།

    1959ལོའི་ཟླ་3ཚེས་28ཉིན་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་ས་གནས་སྲིད་གཞུང་མེད་པར་བཟོས་ཏེ་དམངས་གཙོའི་བཅོས་སྒྱུར་བྱས་ནས“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོ་རྒྱུའི་བཀའ་བཏང་ཡོད།

    སྐབས་དེ་དུས་ལྷོ་ནུབ་མི་རིགས་སློབ་གླིང་དུ་སློབ་གྲྭ་འགྲིམ་བཞིན་ཡོད་པའི་བསྟན་པ་རྒྱལ་མཚན་གྱིས་རང་འགུལ་ངང་བོད་དུ་ལོག་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་ནང་ཞུགས་རྒྱུའི་རེ་བ་བཏོན་ནས་སྤྱི་ཚོགས་བརྟག་དཔྱད་ཀྱི་ལས་དོན་ནང་ཞུགས། ཁེ་གསུམ་ནས་ཁོང་ལ་མང་ཚོགས་ཀྱི་འཚོ་བ་ཧ་ཅང་ཡ་ང་བ་དང་གཉའ་གནོན་ལ་ངོ་རྒོལ་བྱེད་པའི་སེམས་ཤུགས་ཀྱང་ཆེན་པོ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་ཡོད། ཁོང་གིས་བརྟག་དཔྱད་སྙན་ཞུའི་ནང“ཁེ་གསུམ་མི་དམངས་ཚོ་སྔ་ས་ནས་ཞིང་བྲན་བདག་པོའི་བཤུ་གཞོག་དང་གཉའ་གནོན་བཟོད་ཐབས་བྲལ་བས། ས་ཆ་དེ་བོད་རྙིང་པའི་ཞིང་བྲན་ལམ་ལུགས་ཀྱི་ངོ་བོ་ཤེས་རྟོགས་བྱེད་པའི་བསླབ་གཞི་གསོན་པོ་ཞིག་དང་བོད་ཀྱི་རྒྱ་ཆེའི་ཡར་ལངས་ཞིང་བྲན་ལ་སློབ་གསོ་རྒྱག་པའི་རྟེན་གཞིར་བྱེད་ཆོག་པ་ཞིག་འདུག”ཅེས་བྲིས་ཡོད།

    མཐར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ལྷན་གྱིས་ལོ་རྒྱུས་དང་དོན་དངོས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་བསམ་བློ་བཏང་སྟེ་ཁེ་གསུམ་གྲོང་ཚོ་དེ་དམངས་གཙོའི་བཅོས་སྒྱུར་གྱི་ཚོད་ལྟའི་ས་ཚིགས་སུ་གཏན་འཁེལ་བྱས།

    1959ལོའི་ཟླ་6ཚེས་6ཉིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཁེ་གསུམ་གྲོང་ཚོའི་ཞིང་བྲན་302ཀྱིས་ཐེངས་དང་པོར་ལག་པ་བརྐྱངས་ཏེ་རང་ཉིད་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་བདག་པོའི་དབང་ཆ་གང་ལེགས་སྤྱད་པ་མ་ཟད། བོད་ཀྱི་ཞིང་པའི་མཐུན་ཚོགས་གྲབས་འཛུགས་ཨུ་ཡོན་ལྷན་ཁང་དང་པོ་དེ་བདམས་པ་རེད། ཟླ་7ཚེས་5ཉིན་ཞིང་པའི་མཐུན་ཚོགས་དངོས་སུ་བཙུགས་པ་དང་གྲོང་མི་ཚོར་མི་རབས་ནས་མི་རབས་བར་རེ་སྒུག་བྱས་པའི་ས་ཞིང་ཐོབ་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས་མེད་པར་བཟོས་པ་དང་སྐབས་དེ་དུས་ཀྱི་སྤྱིའི་མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་དུས་དེ་ནས་བཟུང་དོན་སྙིང་དངོས་འབྲེལ་ལྡན་པའི་རང་ལུས་རང་དབང་ཐོབ་པ་མ་ཟད། རང་ཉིད་ལ་དབང་བའི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་གཞན་དག་ཀྱང་ཐེངས་དང་པོ་རག་ཡོད།

    ལོ་དེའི་ཟླ་12པར་བོད་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་དང་པོ་དེ་ཁེ་གསུམ་གྲོང་ཚོར་བཙུགས་ཤིང་། ཉི་མ་ཚེ་རིང་དང་། པད་མ་དོན་གྲུབ། བསོད་ནམས་དོན་གྲུབ་སོགས་གྲོང་མི་5ཏང་ཡོན་ཁག་དང་པོར་གྱུར་པ་རེད།

    བསོད་ནམས་དོན་གྲུབ་ཀྱིས་ཁེ་གསུམ་གྲོང་ཚོའི་ཡར་ངོའི་ཟླ་ལྟར་གྱི་འགྱུར་ལྡོག་ལ་དཔང་པོ་བྱས་ཤིང་། ཁོང་གིས་དྲན་གསོ་དང་བཅས“ཁེ་གསུམ་གྲོང་ཚོའི་གུང་ཁྲན་ཏང་ཡོན་ཚོས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་སྔ་ཕྱི་བར་གསུམ་དུ་མང་ཚོགས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད”ཅེས་བརྗོད།

    དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་ཁེ་གསུམ་གྲོང་ཚོས་གྲོང་ཁྱེར་དང་བར་ཐག་ཉེ་བའི་ཁུལ་ཁུངས་ཀྱི་ལེགས་ཆ་སྤྱད་དེ་གྲོང་འདབས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད། ཞིང་བྲན་གྱི་མི་རབས་རྗེས་མ་མཐུ་སྟོབས་ཀྱིས་གྲོང་ཚོའི་ནང་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཨང་དང་པོ་དེ་ཉོས་རྗེས་གྲོང་ཚོའི་ནང་གི་སྒོར་ཁྲི་ཡོད་པའི་དུད་ཚང་དང་པོར་གྱུར་ཡོད། ཟླ་བ་ཚེ་རིང་གིས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕིང་བཟོ་གྲྭ་བཙུགས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་འབབ་འཕར་ཡོང་བ་བྱས་ཤིང་། སྒྱུར་བཅོས་སྒོ་དབྱེ་ལས་ས་མཐོའི་ཞིང་པའི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད།

    ཟླ་2ཚེས་9ཉིན། ཁེ་གསུམ་སྡེ་ཁུལ་གྱི་གྲོང་མིར་བགོ་འགྲེམས་རག་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཕུགས་ཀྱི་མདུན་ལམ།

    ཟླ་3ཚེས་16ཉིན་ཁེ་གསུམ་སྡེ་ཁུལ་དུ་ལོ་གཅིག་དུས་གཅིག་གི་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་ཚིགས་ཤར་བ་དང་མང་ཚོགས་200ཙམ་གྱིས་གཟབ་མཆོར་ལེགས་པར་སྤྲས་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ལ་ཞུགས། དེ་དང་ཆབས་ཅིག་ཞིང་འཕྲུལ་16གིས་ལྡིར་སྒྲ་དང་སྦྲགས་ནས་ཞིང་ཁའི་ཐོག་རིམ་གྱིས་བསྐྱོད་དེ་ས་འཁོད་སྙོམ་པ་དང་རྨོད་བརྒྱབ་སྟེ་ས་ཞིང་འདེབས་འགོ་ཚུགས།

    2020ལོར་ཁེ་གསུམ་སྡེ་ཁུལ་གྱིས་མང་ཚོགས་རང་མོས་ཀྱི་བྱེད་ཐབས་སྤྱད་དེ་ས་ཞིང་མུའུ་83.5བོད་རང་སྐྱོང་ལྗོངས་མཁོ་ཚོང་ཁང་གཤམ་འོག་གི་ཁེ་ལས་ལ་བརྒྱུད་བཤུག་བཏང་སྟེ་སྔོ་ཚལ་བཏབ་པ་རེད། ས་ཞིང་བརྒྱུད་བཤུག་བཏང་རྗེས་སྡེ་ཁུལ་དུ་ངལ་རྩོལ་ནུས་ཤུགས་445ཡོད་པའི་ནང་ནས་བརྒྱ་ཆ་བདུན་ཅུ་ཕྱིར་ལས་ཀ་བྱེད་པར་བསྐྱོད་ཡོད། དེ་དང་ཆབས་ཅིག་ས་ཞིང་བརྒྱུད་བཤུག་གི་དངུལ་དང་། ངལ་ནུས་ཀྱི་དངུལ། ས་ཞིང་གི་ཐོབ་ཆ་བཅས་དངུལ་ཁག་གསུམ་ལེན་རྒྱུ་ཡོད་པས་མི་སེར་ལ་ཕན་པ་ཐོབ་ཡོད། གྲོང་མི་བློ་བཟང་དབང་ཕྱུག་ཁྱིམ་གྱིས་ས་ཞིང་མུའུ་6བརྒྱུད་བཤུག་བཏང་བ་དང་ཁོམ་པ་ཡོད་པའི་ཁོང་གྲོང་ཁུལ་དུ་བདལ་གཏོང་རླངས་འཁོར་གཏོང་བར་བསྐྱོད་པས་ན་ནིང་ཁོ་ནར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།

    ཁེ་གསུམ་སྡེ་ཁུལ་དུ་མིག་སྔར་ཏང་ཡོན་དཔུང་ཁག་ཀྲི་པུའུ་12བར་དང་། ཏང་ཡོན་168བར་འཕེལ་རྒྱས་ཕྱིན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་སྟོབས་དང་ལྡན་པའི་དམག་འཐབ་ཀྱི་མཁར་རྫོང་ཞིག་ཏུ་གྱུར་ཡོད།

    “འདི་ལོ། ང་ཚོས་སླར་ཡང་ས་ཞིང་མུའུ་140བརྒྱུད་བཤུག་གཏོང་རྩིས་ཡོད”ཁེ་གསུམ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅིར་བདམས་མ་ཐག་པའི་རྐང་བཙུགས་ཀྱིས་གསར་འགོད་པར། དེ་སྔ་ཞིང་པས་ཚེ་སྲོག་ལྟ་བུར་བརྩི་བའི་ས་ཞིང་ད་ཆ་གྲོང་གསེབ་དར་རྒྱས་ཀྱི“རྒྱུ་ནོར”ལྟ་བུར་གྱུར་ཡོད་ཅེས་བརྗོད།

    སྤྱི་ཚོགས་རྙིང་པར་ཞིང་བྲན་བདག་པོའི་ཆེད་ས་ཞིང་རྨོ་བ་ནས་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ས་ཞིང་འགན་གཙང་བླངས་པའི་བར་དང་། ད་ཆའི་ས་ཞིང་བརྒྱུད་བཤུག་གཏོང་བའི་བར་ཁེ་གསུམ་གྱི་ས་ཞིང་སྒྱུར་བཅོས་རེ་རེ་ལས་ཐོན་སྐྱེད་ནུས་ཤུགས་འཕེལ་ཡོད་ལ་ངལ་རྩོལ་གྱི་ཐོན་སྐྱེད་ཕན་འབྲས་ཀྱང་མཐོ་རུ་སོང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་ཁེ་གསུམ་ལ་མ་དངུལ་སྒོར་ཁྲི་4000ཙམ་བཏང་ནས“སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ས་ཚིགས”འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། བཙོག་འབུད་མདོང་ལམ་དང་། གློག སྔོ་ལྗང་བཅས་ཀྱི་མ་ལག་ལ་སྤྱི་ཡོངས་ཉམས་བཟོ་དང་། དམངས་ཕན་ཞབས་ཞུའི་ལྟེ་གནས་དང་ཞིང་པའི་དཔེ་ཁང་ཉམས་བཟོ་བྱས་ནས་སྡོད་མལ་ཁོར་ཡུག་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། 2017ལོར་ཁེ་གསུམ་སྡེ་ཁུལ་གྱི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་2020ལོར་སྡེ་ཁུལ་གྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ཟིན་ནས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད།

    “རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས་ཁེ་གསུམ་གྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྩིས་ཡོད་ཅིང་། འགྲིམ་འགྲུལ་གྱི་སྟབས་བདེ་དང་། གསར་བརྗེའི་རིག་གནས། མཉམ་སྡེབ་དཔལ་འབྱོར་གྱི་ལེགས་ཆ་བཅས་སྤྱད་དེ་བཟའ་བཏུང་དང་། ཞག་སྡོད། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ནང་གི་ཡུལ་སྐོར་ཐོན་ལས་བཏོད་དེ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་གི་ཡིན”ཞེས་རྐང་བཙུགས་ཀྱིས་སེམས་ཤུགས་ཆེན་པོས་བརྗོད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ནོར་བུ་ཚེ་རིང་། ཝང་ཛའེ་ཧའོ། སུན་ཡང་། བློ་གྲོས་རྒྱ་མཚོ།

    པར་རིས་ཇུས་འགོད་པ། བསྟན་འཛིན་ནོར་བུ།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398519661