བོད་ལྗོངས།
བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་བརྒྱ་ལྷག་ཙམ་འཕར་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ཀྱི་ལོ་གསར་དང་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་མཚམས་སུ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་དུ་ཧ་ཅང་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ(དེ་སྔའི་ཁེ་གསུམ་གྲོང་ཚོ)གྱི་བགྲེས་སོང་བསོད་ནམས་དོན་གྲུབ་ལགས་ཀྱིས་ཁྱིམ་ནང་མེ་ཏོག་ལ་ཆུ་བསྐྱོན་པ། (2018ལོའི་ཟླ་3ཚེས་20ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཡུས་ཀང་གིས་པར་བླངས།

    ལྷོ་ཁ་གྲོང་ཁུལ་ནས་རླངས་འཁོར་ལ་སྐར་མ་བཅུ་གྲངས་བསྡད་ན་འབྱོར་བའི་སྡེ་ཁུལ་དེའི་མིང་ལ“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཞེས་འབོད་ཀྱི་ཡོད། ལོ་60ལྷག་ཙམ་གོང་དེ་གར་དམངས་གཙོའི་བཅོས་སྒྱུར་སྔོན་ལ་བྱས་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་གི་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཞིང་བྲན་ཞུགས་པའི་དམངས་གཙོའི་འདེམས་བསྐོ་དང་པོ་བྱས་ནས། སྔ་རྗེས་སུ་བོད་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་དང་པོ་དང་། ཞིང་པའི་མཐུན་ཚོགས་དང་པོ། མི་དམངས་ཀུང་ཧྲེ་དང་པོ་བཅས་བཙུགས་ཡོད།

    ལམ་ལུགས་ལ་མཆོང་སྐྱོད་བྱུང་བ་དང་སྲིད་ཇུས་ཀྱི་རྒྱུན་མཐུད་རྒྱབ་སྐྱོར་ནི་ཁེ་གསུམ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་སྒུལ་ཤུགས་ཤིག་རེད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཁེ་གསུམ་གཞིས་ཀར་ཞིང་བྲན་302ཡོད། འདི་ལོ་ལོ་78ལ་སླེབས་པའི་བགྲེས་སོང་བསོད་ནམས་དོན་གྲུབ་ཀྱིས། དེ་དུས་ངའི་ནང་མི་དང་སྒོ་ཕྱུགས་བ་ཚང་ནང་སྡོད་ཀྱི་ཡོད། ཉིན་ལྟར་ཐོ་རེངས་སྐར་ཆེན་མ་ཤར་གོང་མལ་ལས་ལངས་ནས་ལས་ཀ་བྱེད་དགོས་ཀྱི་ཡོད། གལ་སྲིད་ལས་ཀར་ཕྱི་འབྱོར་བྱས་ན་ཉེས་རྡུང་གཟེད་དགོས་ཀྱི་ཡོད་ཅེས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བརྗོད།

    ཁེ་གསུམ་སྡེ་ཁུལ་གྱི་སྔོ་ཚལ་དྲོད་ཁང་ཐོག་མ་གཉེར་མཁན་གྲོང་མི་པད་མ་གཡང་འཛོམས་ཀྱིས་རང་ཁྱིམ་ནས་འགན་གཙང་བླངས་པའི་སྔོ་ཚལ་དྲོད་ཁང་ནང་སྔོ་ཚལ་འཐུ་བ། (མཐུད་པར། 2020ལོའི་ཟླ་3ཚེས་12ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    1959ལོའི་ཟླ་གསུམ་པར། ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། སྔོན་ཆད་ཀྱི་ཞིང་བྲན་ལ་རང་ཁྱིམ་རང་བདག་བྱུང་ཡོད། དུས་རབས་20པའི་ལོ་རབས་80ལ་སྒྱུར་བཅོས་སྒོ་དབྱེས་ས་མཐོའི་ཞིང་པའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་ཡོད། ཞིང་བྲན་གྱི་རྗེས་རབས་པ་ཐུབ་སྟོབས་ཀྱིས་གྲོང་ཚོའི་ནང་ཤར་རླུང་རྟགས་ཅན་གྱི་ཟོག་འདྲེན་རླངས་འཁོར་དང་པོ་དེ་ཉོས་ནས་ཡོང་འབབ་སྒོར་ཁྲི་གཅིག་ཡོད་པའི་དུད་ཚང་ཐོག་མར་གྱུར། ཟླ་བ་ཚེ་རིང་གིས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཧྥིན་བཟོ་གྲྭ་བཙུགས་ནས་ཡུལ་མི་སྤུན་ཟླར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།

    མི་མེད་གནམ་གྲུས་པར་བླངས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ(དེ་སྔའི་ཁེ་གསུམ་གྲོང་ཚོ)གྱི་རྣམ་པ། (2018ལོའི་ཟླ་3ཚེས་20ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཡུས་ཀང་གིས་པར་བླངས།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁེ་གསུམ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་སྟེ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་4000བཏང་ནས“སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ས་ཚིགས”སྐྲུན་འགོ་བཙུགས་པ་དང་། བཙོག་ཆུ་འབུད་གཏོང་། གློག་སྒྲོན། སྔོ་འགྱུར་བཅས་ཀྱི་མ་ལག་བཟོ་བཅོས་བརྒྱབ་པ་དང་། དམངས་ཕན་ཞབས་ཞུའི་ལྟེ་གནས་དང་། ཞིང་པའི་དཔེ་དེབ་ཁང་། སློབ་སྦྱོང་ཁང་། རོལ་རྩེད་ཁང་བཅས་བསྐྲུན་པས་གྲོང་ཚོའི་སྡོད་མལ་ཁོར་ཡུག་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། སྡེ་ཁུལ་དུ་ཞིང་འཕྲུལ་ཅན་གྱི་ལས་སྒྲུབ་བྱེད་ཚད་98%ཟིན་པ་དང་འབྲུ་རིགས་མུའུ་རེའི་ཐོན་ཚད་དེ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ལས་ལྡབ་གསུམ་ཙམ་འཕར་བ། 2019ལོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་3800ལྷག་ཙམ་ཟིན་པ་དང་། དེའི་ཁྲོད་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་། ཚོང་ལས། ཞབས་ཞུའི་ལས་རིགས། ལས་སྣོན་ལས་རིགས་སོགས་ཞིང་ལས་མིན་པའི་ཐོན་ལས་ཀྱིས་བསྡུར་གྲངས་བཟུང་ཚད་བརྒྱ་ཆ་བརྒྱད་ཅུ་ཡན་ཟིན་པ། གྲོང་ཚོ་ཡོངས་སུ་ཁྱོན་བསྡོམས་སྐྱེལ་འདྲེན་རླངས་འཁོར་དང་ཡུལ་སྐོར་རླངས་འཁོར་45ཡོད་པ། ངལ་རྩོལ་ནུས་ཤུགས་ཡོད་མཁན་445ཁྲོད་ནས་བརྒྱ་ཆ་བདུན་ཅུ་ཕྱིར་ཡོང་འབབ་གསོག་པར་ཕྱིན་པ། ས་ཞིང་མུའུ་80ལྷག་ཙམ་བརྒྱུད་ཤུག་བཏང་བ། ས་ཞིང་མུའུ་300ལྷག་ཙམ་ཀུང་སིའི་དབར་གཟན་རྩྭ་བསྡུ་ཉོའི་གན་རྒྱ་བཞག་པ། གྲོང་ཚོར་མཉམ་ལས་ཁང་12བསྐྲུན་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་36ཟིན་པ་སོགས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398639841