བོད་ལྗོངས།
བོད་ལྗོངས་ཀྱིས་མ་རྩ་སྒོར་ཁྲི་བརྒྱ་ཡན་ཟིན་པའི་ཞིང་འབྲོག་པའི་མཉམ་ལས་ཁང་700ལྷག་ཙམ་འཛུགས་རྒྱུ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སྐལ་བཟང་རྣམ་རྒྱལ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་དེང་རབས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཞིང་འབྲོག་པའི་མཉམ་ལས་ཁང་ཚད་ལྡན་དུ་གཏོང་བ་དང་སྤུས་ཚད་མཐོར་འདེགས་ཀྱི་འདུ་འགོད་ལག་བསྟར་བྱས་ཤིང་། མ་རྩ་སྒོར་ཁྲི་བརྒྱ་ཡན་ཟིན་པའི་མཉམ་ལས་ཁང་700ཡན་དང་སྒོར་ཁྲི་ཆིག་སྟོང་ཡན་ཟིན་པའི་མཉམ་ལས་ཁང་70ཡན་འཛུགས་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་བོད་ཀྱིས“མཉམ་ལས་ཁང+ཞིང་དུད”དང“སྣེ་འདྲེན་ཁེ་ལས+གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས+ཞིང་དུད”སོགས་ཀྱི་བྱེད་སྟངས་སྤྱད་དེ། ཆེད་ལས་ཅན་གྱི་ཆུ་ཚད་དང་ཐོན་སྐྱེད་ལས་ཕྱོད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དང་། སོན་བཟང་ཁྱབ་གདལ། མུའུ་རེའི་ཐོན་ཚད་མཐོར་གཏོང་བཅས་བྱས་པ་དང་ཆབས་ཅིག ཐོན་རྫས་མཁོ་སྤྲོད་བྱེད་སྟངས་གསར་གཏོད་དང་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ནས་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    མཉམ་ལས་ཁང་གི་ཁོངས་མིས་མི་རིགས་ལག་ཤེས་བཟོ་ལས(པང་གདན)ཆེད་ལས་མཉམ་ལས་ཁང་དུ་པང་གདན་འཐག་པ། (2020ལོའི་ཟླ་7ཚེས་6ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི་མི་རིགས་ལག་ཤེས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དུ་སྐྱོད་སྐབས་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མིག་ལམ་དུ་འཆར་འོང་།

    པའེ་རིགས་ཀྱི་དགེ་རྒན་ཚེ་མགོན་སྐྱབས་ཀྱིས་དགེ་ཕྲུག་ཚོར་ལྷོ་རོང་གི་བོད་གྲིའི་བཟོ་རིམ་སྟོན་བཞིན་ཡོད་ལ། གློག་སྦུད་ཡང་ཡང་ལྡིར་སྒྲ་དང་བཅས་བརྒྱབ་པ་དང་ཆབས་ཅིག་མེར་བསྲེགས་པའི་ལྕགས་ལེབ་རིམ་བཞིན་དམར་པོ་ཆགས་ནས་སྤུས་ལེགས་ཀྱི་བོད་གྲིའི་དབྱིབས་རིམ་བཞིན་མངོན།

    ཚེ་མགོན་སྐྱབས་ནི་མཉམ་ལས་ཁང་གི་ལག་ཤེས་དགེ་རྒན་རེད་ལ་འགན་འཁུར་བ་ཡང་རེད། མིག་སྔར་མཉམ་ལས་ཁང་ནང་ཚེ་མགོན་སྐྱབས་དགེ་རྒན་ལ་བསྟེན་མཁན་དགེ་ཕྲུག་9ཡོད་ཅིང་། ཁོང་ཚོ་ཚང་མ་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཤ་སྟག་རེད། “ངས་འདི་ནས་བོད་གྲི་བཟོ་རྩལ་ཤེས་བྱུང་། ཟླ་རེར་གླ་ཆ་སྒོར་3000ལེན་རྒྱུ་ཡོད་པ་མ་ཟད། ལོ་མཇུག་ཏུ་ད་དུང་གྲོང་ཚོའི་བགོ་འགྲེམས་ཀྱང་ལེན་རྒྱུ་འདུག”ཅེས་ལོ་29ལ་སླེབས་པའི་བྱམས་པ་ལྷུན་གྲུབ་ཀྱིས་བརྗོད།

    ལས་ཕྱོད་དང་གནད་ལ་སྨིན་ཚད་མཐོ་རུ་གཏོང་ཆེད། ཚེ་མགོན་སྐྱབས་ཀྱིས་རླུང་སྒུལ་ཐོ་བ་དང་། གཤེར་གནོན་འཕྲུལ་འཁོར། སྐུལ་འོད་ཡིག་བརྐོའི་འཕྲུལ་ཆས་སོགས་ནང་འདྲེན་བྱས་ལ། ཁོང་གིས“ང་ཚོས་གཅིག་ནས་གནའ་བོའི་ལག་ཤེས་བརྐོས་རྒྱག་བཟོ་རྩལ་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ནས་འཕྲུལ་ཆས་ལ་བརྟེན་ནས་ཐོན་ཚད་དང་སྤུས་ཚད་འགན་ལེན་བྱས་ཏེ་མཉམ་ལས་ཁང་གི་ཆེད་ལས་ཅན་དང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་གི་ཡོད”ཅེས་བརྗོད།

    མི་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱ་ཆེད། ཚེ་མགོན་སྐྱབས་དང་མཉམ་ལས་ཁང་གིས་ཁྱིམ་དུད་ཚང་མར་ཚད་གཞི་ལྟར་གྲི་ཤུབས་འཚེམ་བཟོ་བྱ་རྒྱུའི་ལྕག་སྐུལ་བྱས་ཏེ་གཅིག་གྱུར་ཐོག་ཉོ་སྒྲུབ་བྱེད་ཀྱི་ཡོད།

    མི་རིགས་གྱོན་ཆས་འཚེམ་ལས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་ལྷག་སྒྲོན་གྱིས་ཐོན་རྫས་འཚེམ་པ། (2021ལོའི་ཟླ་2ཚེས་2ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐན་ཅིན་ཝུན་གྱིས་པར་བླངས།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་162དང་13475སོ་སོར་ཟིན་པ་དེ་2015ལོ་ལས་65%དང་ལྡབ་1.9འཕར་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྤུས་ཚད་མཐོ་པོ་དང་། ཆེད་ལས་ཅན། དེང་རབས་ཅན་བཅས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་བྱེ་མ་མདངས་ཆེན་དེང་རབས་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིས་ཞོག་ཁོག་དབྱེ་བ་འབྱེད་པ། (2018ལོའི་ཟླ་9ཚེས་4ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

གྲངས་གཞིའི་ཐོག་ནས་བོད་ལྗོངས་གླེང་། —— ཤིན་ཧྭ་གསར་འགྱུར་ཁང་གི་མཉམ་འདྲེས་སྨྱན་སྦྱོར་གྱི་མུ་འབྲེལ་གསར་འགྱུར་ཆེད་སྒྲིག

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310077783