གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། དཀོན་ མཆོག་ ཚེ་ རིང་ གིས་ ས་ ཕག་ གིས་ ཕུགས་ འདུན་ ཁང་ བཟང་ བསྐྲུན་ པ།
2014-06-25        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཁོང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཞིང་པའི་བུ་ཕྲུག་ཅིག་ཡིན་པ་དང་།ཁོང་གིས་ཡུལ་དེའི་རྒྱུ་ཆ་སྤྱད་ནས་ཡུལ་མི་རྣམས་སྒྲིག་འཛུགས་དང་མ་དངུལ་བསྡུ་རུབ་བྱས་ཏེ་ས་ཕག་བཟོ་གྲྭ་བཙུགས།

    “གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིག་གི་ངོས་ནས་བརྗོད་ན།  རང་ཉིད་ཕྱུག་པོའི་ལམ་དུ་སྐྱོད་མི་ཤེས་པ་དང་སྐྱོད་མི་ཐུབ་ན།གྲོང་མི་ཚང་མ་ཕྱུག་པོའི་ལམ་དུ་སྣེ་ཁྲིད་བྱེད་ཐབས་བྲལ་བ་རེད”ཅེས་པ་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྐྱིད་ཐང་གྲོང་ལྷན་ས་ཕག་བཟོ་གྲྭའི་འགན་འཁུར་བ་དཀོན་མཆོག་ཚེ་རིང་གི་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད།  གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་པའི་དཀོན་མཆོག་ཚེ་རིང་གིས་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་དང་ས་གནས་དེ་གའི་མང་ཚོགས་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱས་པས།ཡུལ་དེའི་མང་ཚོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།

    ང་ཚོར་དཀོན་མཆོག་ཚེ་རིང་ཐེངས་དང་པོ་འཕྲད་སྐབས།  ཁོང་ཤ་རྩི་ནག་ཙམ་ཡོད་པའི་བག་ཆགས་ཟབ་མོ་བྱུང་།  དཀོན་མཆོག་ཚེ་རིང་ལ་རྒྱུས་མངའ་ཡོད་མཁན་གྱིས་དཀོན་མཆོག་ཚེ་རིང་ཆུང་དུས་ངོ་གདོང་དཀར་པོ་ཡོད་པ་དང་ད་ཆ་ནག་པོར་གྱུར་བ་དེ་ནི་ཁོང་གིས་ས་ཕག་བཟོ་གྲྭར་ལེགས་སྐྱེས་ཕུལ་བའི་རྟགས་ཤིག་རེད”ཅེས་གསར་འགོད་པར་བཤད་བྱུང་།  ས་ཕག་བཟོ་གྲྭར་ལས་ཀ་ཡུན་རིང་བྱས་པའི་སྐོར་གླེང་སྐབས།དཀོན་མཆོག་ཚེ་རིང་གིས“ང་ནི་ཞིང་པའི་བུ་ཕྲུག་འཁྲུལ་མེད་ཅིག་ཡིན་པ་དང་ངའི་བསམ་འདུན་ནི་ང་ཚོའི་གྲོང་ལྷན་གྱི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་སྟེ་ཡུལ་མི་རྣམས་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན།ས་ཕག་བཟོ་གྲྭ་བཙུགས་དོན་ཡང་མང་ཚོགས་ལ་ཡོང་འབབ་མང་ཙམ་གསོག་ཐུབ་པའི་ཆེད་དུ་ཡིན”ཞེས་བཤད་བྱུང་།

    དཀོན་མཆོག་ཚེ་རིང་གིས་གསར་འགོད་པར་མངའ་རིས་ས་ཁུལ་གྱི་མི་མང་ཆེ་བ་ནི་འབྲོག་པ་རེད།  འོན་ཀྱང་སྐྱིད་ཐང་གྲོང་ལྷན་གྱི་གྲོང་མི་ནི་ཞིང་པ་ཤ་སྟག་རེད།  དབྱར་ཀ་ཞིང་པར་ཞིང་ལས་མ་གཏོགས་ལས་ཀ་གཞན་མེད་སྟབས། ཚང་མས་ཞིང་དལ་སྐབས་སུ་གཞན་ཡུལ་དུ་ལས་་མིར་འགྲོ་ཡི་ཡོད།  འོན་ཀྱང་ཉིན་ལྟར་ལས་ཀ་བྱེད་རྒྱུ་མེད།  འོ་ན་ཞིང་ལས་མ་ལངས་པའི་སྐབས་སུ་ཅི་ཞིག་ལས་དགོས་སམ།  དེའི་ཐད་ངས་བསམ་བློ་བཏང་བ་ཡིན།ཐ་མ་ཡུལ་དེར་ས་ཕག་རྒྱག་པའི་རྒྱུ་ཆ་ཡོད་ལ།དངུལ་ཀྱང་སྤྲོད་མི་དགོས་པས།དེར་བརྟེན་ས་ཕག་བཟོ་གྲྭ་འཛུགས་པ་ཡིན་ཞེས་བཤད་བྱུང་།

    “བསམ་ཚུལ་དེར་གྲོང་ལྷན་གྱི་ལས་བྱེད་པས་རྒྱབ་སྐྱོར་བྱས་བྱུང་།  འོན་ཀྱང་བཟོ་གྲྭ་འཛུགས་པར་མ་མཐར་ཡང་མ་རྩ་སྒོར་ཁྲི་5གཏོང་དགོས་ཀྱི་འདུགགྲོང་ལྷན་ལ་དངུལ་མེད་པ་དང་ང་ལའང་དངུལ་མང་པོ་དེ་འདྲ་མེད་སྟབས།  ཚང་མས་མཉམ་དུ་བསྡུ་དགོས་བྱུང་།  སྐབས་དེར་གྲོང་མི་ཁག་གཅིག་གིས་རྒྱབ་སྐྱོར་བྱེད་པ་དང་།  གྲོང་མི་ཁག་གཅིག་གིས་ལས་ཀ་དེ་ནི་ལས་གྲྭའི་རུ་ཁག་གིས་མ་གཏོགས་ང་ཚོས་འཇོན་གྱི་མ་རེད་པས་གྱོང་གུན་ཕོག་ངེས་རེད།  བྱས་ཙང་རོགས་རམ་བྱེད་ཀྱི་མིན་ཟེར་གྱི་འདུག”ཅེས་དཀོན་མཆོག་ཚེ་རིང་གིས་དེ་སྔའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད་བྱུང་།

    ཕུགས་བསམ་སྒྲུབ་པའི་ལམ་བུ་ནི་གེགས་མེད་ཀྱི་ལམ་བུ་ཞིག་མ་རེད།  འོ་ན་ཇི་ལྟར་བྱས་ཚེ།  ཚང་མའི་བསམ་ཚུལ་གཅིག་གྱུར་ཐུབ་བམ།དེར་བརྟེན་དཀོན་མཆོག་ཚེ་རིང་གིས“ངས་ཁྱིམ་ཚང་རེ་རེ་བྱས་ཏེ་བསམ་བློའི་སློབ་གསོ་རྒྱག་པར་བསྐྱོད་དེ་ཚང་མར་དེ་ནི་མི་རེ་གཅིག་རེ་གཉིས་ཀྱི་བྱ་བ་མིན་པར་ཚང་མའི་བྱ་བ་ཡིན་པས།  ང་ཚོ་དུད་ཚང་རེ་རེས་དངུལ་སྒོར་ཉིས་བརྒྱ་སུམ་བརྒྱ་ཙམ་བཏོན་ན་འགྲིགབྱ་བ་དེ་འགྲུབ་ནའང་འདྲ།  མི་འགྲུབ་ནའང་འདྲ།  གང་ལྟར་དངུལ་དེ་དག་ཚང་མ་ཕྱིར་སློག་བྱེད་ཀྱི་ཡིན”ཞེས་བཤད་པ་ཡིན།  དེ་རྗེས་ཚང་མས་ས་ཕག་བཟོ་གྲྭ་བསྐྲུན་རྒྱུའི་འཆར་གཞི་དེར་མོས་མཐུན་བྱས་པ་དང་།དངུལ་དེ་དག་བསྡུས་ནས་བཟོ་གྲྭ་སྐྲུན་འགོ་བརྩམས།

    2006ལོར་ས་ཕག་བཟོ་གྲྭ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ཟླ་3ཁོ་ནར་མ་གནས་ལོག་པ་མ་ཟད།གྲོང་མི་40ལྷག་ཙམ་ལས་ཀར་ཞུགས་ཐུབ་ཡོད།  དེའི་རིང་དཀོན་མཆོག་ཚེ་རིང་ལའང་དཀའ་ངལ་མང་པོ་འཕྲད་ཡོད་རུང་།  ཁོང་གི་འབད་བརྩོན་འོག་དཀའ་ངལ་དེ་དག་རེ་རེ་བཞིན་སེལ་ཐུབ་ཡོད།

    དཀའ་ངལ་སེལ་ཐུབ་པ་དང་སྲིད་གཞུང་གི་རོགས་སྐྱོར་མ་དངུལ་དམིགས་སར་འབྱོར་བ་བརྒྱུད་དཀོན་མཆོག་ཚེ་རིང་གི་བཟོ་གྲྭ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཏེ་2013ལོར་གླ་ཕོགས་སྒོར་ཁྲི་100ལྷག་ཙམ་སྤྲད་ཐུབ་ཡོད་པ་མ་ཟད།ད་དུང་གྲོང་ཚོའི་མཉམ་སྡེབ་ལ་དཔལ་འབྱོར་གྱི་ཕན་འབྲས་སྒོར་ཁྲི་40ལྷག་ཙམ་བཏོད་ཡོད་པ་རེད།

    དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི་དཀོན་མཆོག་ཚེ་རིང་གིས་ཆུ་འཐུང་ཕུགས་དྲན་གྱི་དཔེ་ལྟར་ཕྱུག་པོ་ཆགས་རྗེས་ཡུལ་མི་ཚོ་བརྗེད་མེད།  རྒྱུན་དུ་ཁོང་གིས་དུད་ཚང་ཚང་མར་བསྐྱོད་དེ་གཞི་ཁྱོན་ཆེ་རུ་་གཏོང་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་མ་ཟད།  ཞིང་དུད་ལ་དངུལ་སྨར་གྱི་གནད་དོན་ཡང་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།གྲོང་མི་ཀརྨ་ཆོས་སྒྲོན་གྱི་འཚོ་བར་དཀའ་ངལ་ཆེ་ཙམ་ཡོད་པ་དཀོན་མཆོག་ཚེ་རིང་གིས་ཤེས་རྗེས་ཁོང་ས་ཕག་བཟོ་གྲྭའི་ལས་ཀར་བཅུག་ནས་རང་འགུལ་ངང་ཁོང་ལ་ས་ཕག་བཟོ་སྟངས་བསླབས་པ་མ་ཟད།ད་དུང་ཁོང་ལ་སྡོད་ཁང་གསར་པ་རྒྱག་རོགས་ཀྱང་བྱས་པ་རེད།

    ལོ་གསར་དང་དུས་ཆེན་གྱི་སྐབས་སུ་ཁོང་གིས་ལས་མི་ཚོར་ལག་རྟགས་སྤྲོད་པ་མ་ཟད།  བྱེད་སྒོ་སྣ་ཚོགས་སྤེལ་ནས་ས་ཕག་བཟོ་གྲྭའི་ནང་གསོན་ཤུགས་དང་སྐྱེ་སྟོབས་འཕེལ་བ་བྱེད་བཞིན་ཡོད།  དེ་དག་བརྗོད་སྐབས་དཀོན་མཆོག་ཚེ་རིང་གི་གདོང་ནས་གྲུབ་འབྲས་ཐོབ་པའི་དགའ་སྤྲོའི་འཛུམ་མདངས་མངོན།

    “དཀོན་མཆོག་ཚེ་རིང་གི་བཟོ་གྲྭས་བཟོས་པའི་ས་ཕག་ཡག་པོ་ཡོད་པ་མ་ཟད།གྲངས་ཚད་དང་སྤུས་ཚད་ཀྱང་འགན་ལེན་ཐུབ་པ་དང་འབྲེལ་སྒོ་རྩར་སྐྱེལ་བར་ཡོང་གི་ཡོད་པས།  ང་ཚོའི་ཁང་པ་རྒྱག་བྱེད་ཀྱི་ས་ཕག་ཚང་མ་ཁོང་གི་བཟོ་གྲྭ་ནས་ཉོས་པ་ཡིན།  ཁོང་གིས་ད་དུང་གྲོང་ཚོའི་ནང་གི་གྲོང་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོ་ཆགས་པ་བྱེད་ཀྱི་ཡོད་པས།  ཁོང་ང་ཚོའི་གྲོང་ཚོའི་གྲགས་ཅན་མི་སྣ་རེད”ཅེས་གྲོང་མི་ལྷག་པ་ཚེ་རིང་གིས་བརྗོད་པ་དང་།  “དཀའ་ངལ་འཕྲད་ཚེ་ཁོང་འཚོལ་ན་འགྲིགཁོང་གིས་ཐག་གཅོད་བྱེད་རོགས་བྱེད་ངེས་རེད།ངའི་ཕྲུ་གུར་ན་ཚ་ཕོག་དུས་ཁྱིམ་ཚང་ནང་ནད་གཞི་ལྟ་བའི་དངུལ་མེད་པས།དཀོན་མཆོག་ཚེ་རིང་གིས་སྔོན་ལ་སྤྲོད་རོགས་བྱས་བྱུང”ཞེས་གྲོང་མི་བློ་བཟང་བསྟན་འཛིན་གྱིས་དཀའ་ངལ་འཕྲད་དུས་དཀོན་མཆོག་ཚེ་རིང་གིས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ས་ཕག་ལས་སྤུ་ཧྲེང་རྫོང་སྐྱིད་ཐང་གྲོང་ལྷན་གྱི་གྲོང་མི་ཕྱུག་པོར་གྱུར་ཡོད་དེ།  ད་ཆ་གྲོང་མིར་བུ་ཕྲུག་སློབ་ཆེན་ལ་གཏོང་རྒྱུའི་དངུལ་ཡོད་པ་དང་།  ཁག་གཅིག་གིས་སྡོད་ཁང་གསར་པ་བརྒྱབ་པ།  ཁག་གཅིག་གིས་རླངས་འཁོར་ཆུང་གྲས་ཉོས་པ་སོགས་གྲོང་མི་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད།“ང་ཚོའི་གྲོང་ཚོར་འཕོ་འགྱུར་འདི་འདྲ་བྱུང་བ་ནི་ས་ཕག་བཟོ་བར་མཁས་པའི་དཀོན་མཆོག་ཚེ་རིང་ལ་བརྟེན་ནས་བྱུང་བ་ཞིག་རེད”ཅེས་གྲོང་མི་ཚང་མས་བརྗོད་ཀྱི་ཡོད།

    ལས་ཀར་བྲེལ་བ་ཆེན་པོ་ཡོད་པས།ནང་མི་དང་མཉམ་དུ་སྡོད་པའི་དུས་ཚོད་ཡོད་མེད་སྐོར་འདྲི་སྐབས།དཀོན་མཆོག་ཚེ་རིང་གི་མིག་དམར་པོ་ཆགས་ཤིང་།  ཁོང་གིས“རྒྱུན་དུ་ནང་མིར་ལྟ་རྟོག་བྱེད་མི་ཐུབ་པས།ནང་མི་ཚོས་རང་ཉིད་ལ་རྒྱབ་སྐྱོར་དེ་ཙམ་བྱེད་ཀྱི་མེད་མོད།  འོན་ཀྱང་མང་ཚོགས་ཚོར་དཀའ་ངལ་མང་པོ་སེལ་རོགས་དང་།  ཁོང་ཚོའི་སྣེ་ཁྲིད་དེ་ཁྱིམ་དར་ཕྱུག་འགྱུར་བྱུང་བས།  ང་དངོས་འབྲེལ་སྐྱིད་པོ་འདུག”ཅེས་ཤོད་ཀྱི་འདུག

    སླད་ཕྱིན་གྱི་འཕེལ་རྒྱས་སྐོར་བརྗོད་སྐབས།དཀོན་མཆོག་ཚེ་རིང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“བཟོ་གྲྭ་རྒྱ་སྟོབས་ཆེ་རུ་བཏང་ནས་ས་ཕག་ཙམ་མ་ཟད།  ད་དུང་ཡུར་བུའི་ཁེབས་གཅོད་སོགས་བཟོས་ནས་ཕན་འབྲས་དེ་བས་ཆེ་བ་བཏོད་དེ་ཡུལ་མི་ཚོའི་སྣེ་ཁྲིད་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་ཐུབ་པའི་ཡིད་ཆེས་རང་ཉིད་ལ་ཡོད།ཡུལ་མི་ཚོ་ཕྱུག་པོ་ཆགས་ཐུབ་ཚེ།  འདི་ནི་དོན་དམ་པའི་ཕྱུག་པོ་རེད། དེའང་ངའི་མི་ཚེའི་ཕུགས་འདུན་ཞིག་ཡིན”ཞེས་ཤོད་ཀྱི་འདུག  

མཛའ་འབྲེལ་དྲ་བ།
010020070840000000000000011100001334358071