གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། གསོ་ རིག་ མཁས་ པའི་ ཅོད་ པན་ འཆང་ བའི་ སྨན་ པ་ ཆེན་ པོ།
2014-09-24        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

སྐད་གྲགས་ཡོད་པའི་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་བཀྲ་རྒྱལ་གྱི་སྐོར་བཀོད་པ།

འདི་ནི་ཁོང་གིས་ལྷ་སར་ནད་བརྟག་སྨན་བཅོས་བྱེད་བཞིན་ཡོད་པ།བསོད་ནམས་དབང་ཕྱུག་གིས་པར་བརྒྱབ

    ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་དུ་སྐད་གྲགས་ཡོད་པའི་བོད་ལུགས་གསོ་རིག་སྨན་པ་ཞིག་ཡོད་ཅིང་།ཁོང་གིས་ཆུང་དུས་ནས་གསོ་རིག་ཤེས་བྱ་སྤྱི་དང《རྒྱུད་བཞི》དང《གསོ་རིག་ནད་ཐོག་མན་ངག》སོགས་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དཔྱིས་ཕྱིན་པ་སྦྱངས་པས་སྨན་བཅོས་ལག་རྩལ་ཕུལ་དུ་བྱུང་བར་གྱུར།ལྷག་དོན་སྨན་ཁང་བཙུགས་ནས་ནད་པ་གཉེན་ཉེ་ལྟ་བུར་བརྩིས་ཏེ་ནད་བཅོས་སྲོག་སྐྱོབ་བྱས་ནས་ནད་པའི་གདུང་བ་སེལ་བའི་ངོ་མཚར་གཏམ་རྒྱུད་མང་པོ་བརྩམས།ཁོང་ནི་རང་ལྗོངས་སུ་སྐད་གྲགས་ཡོད་པའི་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་བཀྲ་རྒྱལ་རེད།

    གྲགས་ཅན་ཁྱིམ་ནས་གྲགས་ཅན་སྨན་པ་ཐོན།

    བཀྲ་རྒྱལ་ནི་1949ལོའི་བོད་ཟླ་དང་པོར་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་གྱི་བྱམས་མདུན་གྲོང་ཚང་ཞེས་པའི་ཁྱིམ་དུ་སྐྱེས།དགུང་ལོ་བདུན་བརྒྱད་ཙམ་ནས་ཕ་དང་ཨ་ཁུའི་དྲུང་ནས་ཡི་གེ་འབྲི་ཀློག་ནས་སུམ་རྟགས་དག་གསུམ་སྦྱངས།དེ་རྗེས་ཆབ་མདོ་བྲག་གཡབ་རྫོང་འོ་མདའ་ཁུལ་མཁས་ཐོག་གྲོང་གི་བཙུན་མ་གཡུ་ལྷའི་མདུན་ནས་དཔལ་ལྡན་གསོ་བ་རིག་པའི་རྒྱུད་གསུམ་དང་ནད་སྨན་སྤྲོད་པའི་ཉམས་ཡིག་སོགས་ཀྱི་རྒྱུད་གཞུང་དང་མན་ངག་དུ་མ་ངག་སྐྱོར་བཏང་བ་དང་སྦྲགས་བཤེས་གཉེན་གཡུ་ལྷའི་ཁྲིད་རོགས་འོག་ནད་སྨན་སྤྲོད་ཚུལ་དང་།རྩ་ཆུའི་བརྟག་ཐབས་རིག་པ།སྨན་ངོས་འཛིན་སོཌ་ཀྱི་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ།

    དེ་རྗེས་ཀྱི་ལོ་ཤས་ནང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་བཀྲ་རྒྱལ་གྱིས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་གསོ་བ་རིག་པའི་གཞུང་ལུགས་ལ་ཐོས་བསམ་བྱ་རྒྱུའི་གོ་སྐབས་རེ་ཞིག་ཆད།སྤྱི་ལོ་1972ལོར་ཁོང་ལ་སླར་ཡང་བོད་ལུགས་གསོ་རིག་སྦྱོང་བའི་གོ་སྐབས་ཐོབ།སྐབས་དེར་དཔེ་ཆ་དང་སྣག་ཤོག་སོགས་དཀོན་པས་ངག་ཁྲིད་ཁོ་ནར་བརྟེན་ཏེ་གསན་བསམ་དང་བློ་འཛིན་གྱི་ཤེས་སྟོབས་ཁོ་ན་བེད་སྤྱད་དེ་སྔོན་སྦྱངས་ཀྱི་བག་ཆགས་དྲན་གསོ་དང་གསར་དུ་སྦྱངས་པའི་གཞུང་ལུགས་ཁག་ལ་ཉམས་ལེན་བྱས་མཐར་སྨན་པ་ཞིག་ཏུ་གྱུར།དེ་རྗེས་ཀྱི་ལོ་མང་ནང་ཉིན་ལྟར་བྲེལ་འཚུབ་ཆེ་རུང་ཁོང་གིས་བར་གསེང་དུ་དཀའ་ངལ་ལ་མི་འཛེམས་པར་ཆབ་མདོའི་གངས་རི་དང་།རྫ་ཁྲོད།བྲག་རི་གཡང་གཟར།ནགས་ཚལ་སྟུག་པོ་སོགས་སུ་ཤིང་སྨན་དང་།སྔོ་སྨན།ཐང་སྨན།ལྡུམ་བུའི་སྨན་སོགས་ཀྱི་རྩྭ་ལོ་མེ་འབྲས་རེ་རེ་བཞིན་དུ་དབྱིབས་དང་།ཁ་དོགམཆོག་དམན།རྒོད་གཡུང་སོགས་རྒྱུད་གཞུང་གི་ཚིག་སྒྲུབ་དང་།བྱང་ཟུར་ལུགས་སོ་སོའི་ངོས་འཛིན་ཡང་དག་ཐུབ།

    སྐབས་དེ་ཙམ་ནས་བཀྲ་རྒྱལ་གྱིས་གངས་ཅན་གསོ་རིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་སྙིང་སྟོབས་སྔར་ལས་ལྷག་པ་ཞིག་བཅངས་ཏེ་ཁོམ་པ་ནམ་བྱུང་ལ་སློབ་གཉེར་ལ་བརྩོན་པ་དང་ལྷག་པར་གཏར་བསྲེགས་སོགས་གསོ་རིག་རྒྱུད་གཞུང་གི་ལག་ལེན་བཅོ་བརྒྱད་ཀྱི་རིག་པ་སོགས་ནད་ཐོག་ལག་ལེན་དངོས་ནང་ཞུགས་ཏེ་སློབ་གཉེར་བྱས་པ་མ་ཟད།ཞོགས་པ་དང་མཚན་མོ་སོགས་སུ་དུས་ཚོད་དམ་འཛིན་གྱིས་གསོ་རིག་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་དང་།དངུལ་ཆུའི་ལག་ལེན།ཆ་ལག་བཅོ་བརྒྱད།མན་ངག་བྱེ་བ་རིང་བསྲེལ་སོགས་སྦྱངས།ལྷག་དོན་དུ་ཁོང་ནི་ནད་པར་སེམས་རྩ་འཁོལ་བ་དང་ལག་ལེན་ནང་སྨན་བཅོས་ལག་རྩལ་མཐོ་རུ་སོང་བས་བཀྲ་རྒྱལ་གྱི་སྙན་གྲགས་ཀྱང་ཇེ་ཆེར་སོང་བས།ལོ་ཤས་ལས་མ་སོང་བར་ཉིན་རེར་ཉུང་མཐར་ཡང་ནད་པ་ལྔ་བཅུ་ཡན་ལ་སྨན་བཅོས་བྱེད་དགོས་ཀྱི་ཡོད།

    མིང་དོན་མཚུངས་པའི་ཆེད་ལས་སྨན་པར་གྱུར།

    1987ལོར་ས་གནས་དེའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་གྲངས་ཉུང་མི་རིགས་ཀྱི་སྨན་བཅོས་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་བྲག་གཡབ་རྫོང་དུ་བོད་སྨན་ཚན་ཁག་བཙུགས་པ་དང་ཁོང་ཡང་གདན་ཞུའི་སྨན་པ་གཙོ་གྲས་ཡིན་པས་བཀྲ་རྒྱལ་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པའི་གར་སྟེགས་ཤིག་ཐོབ།ཁོང་གིས་སྐབས་དེའི་འཚོ་བ་ངན་ངོན་སོགས་དཀའ་ངལ་ཁྱད་བསད་དང་རྐྱེན་ངན་ལམ་འཁྱེར་གྱིས་ཉིན་གཅིག་ཀྱང་དལ་བར་མི་སྡོད་པར་ཉིན་རེར་ནད་པ་བརྒྱ་ཙམ་ལ་སྨན་བཅོས་བྱེད་ཀྱི་ཡོད།ལོ་དེར་མེ་ཡོས་ལོའི་ལོ་ཐོ་གསར་བསྒྲིགས་སོགས་ལས་ཀ་འབོར་ཆེན་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གདེང་འཇོག་ལེགས་པོ་ཐོབ་ཡོད་ལ་སྲིད་གཞུང་དབུ་འཛིན་གྱི་རྒྱབ་སྐྱོར་དང་བཀའ་མངགས་འོག1990ལོར་ཆབ་མདོ་ས་ཁུལ་གྱི་རྫོང་ལྔ་དང་།སི་ཁྲོན་ཞིང་ཆེན་གྱི་རྫོང་བཞི།ཉེ་གནས་དགོན་སྡེའི་གྲྭ་བཙུན།མཚོ་སྔོན་དང་བོད་ལྗོངས་ས་གནས་ཁག་གཅིག་གི་བོད་ལུགས་སྨན་པ་ཁྱོན་མི་གྲངས་224ལ་དུས་ཡུན་ལོ་བདུན་ཙམ་གྱི་ནང་དགེ་རྒན་དང་སློབ་སྤྱི་གཅིག་ལྕོགས་ཀྱི་འགན་ཁུར་ཏེ་དེའི་སྒྲིག་ལམ་སོགས་དོ་དམ་དང་ལྷག་པར་རྒྱུད་བཞི་དང་།གསོ་རིག་ལོ་རྒྱུས།སྨན་པའི་ཀུན་སྤྱོད་གཙོས་སུམ་རྟགས་དག་གསུམ་དང་།བརྡ་གསར་རྙིང་སོགས་ཆ་ཚང་སློབ་ཁྲིད་བྱས་པ་མ་ཟད།དུས་ངེས་མེད་ཐོག་གཏར་བསྲེགས་སོགས་དཔྱད་ཀྱི་ལག་ལེན་ཁག་ནད་ཐོག་དམར་ཁྲིད་བྱས་པས་ས་ཁུལ་ཁག་ལ་སྨན་པ་འབོར་ཆེན་གསོ་སྦྱོང་བྱས་པ་དང་སློབ་མ་མང་པོ་ཞིག་བོད་ལུགས་སྨན་ཁང་གི་རྐང་འཛིན་མི་སྣར་གྱུར་ཡོད།

    ཆེད་ལས་ཡོན་ཚད་སྔར་བས་གོང་མཐོར་བཏང་།

    ཁོང་གིས་ད་དུང་ལྷ་ལྡན་དུ་དགེ་བའི་བཤེས་གཉེན་ཆེན་པོ་བྱམས་པ་འཕྲིན་ལས་ཀྱི་སྐུ་མདུན་ནས་བྱ་བྱེད་སྨན་པའི་ལེའུ་དང་།ཕྱི་རྒྱུད་རྩ་ཆུའི་འགྲེལ་བ།བཻ་སྔོན་སོགས་གཞུང་གི་གནད་མང་པོར་ཁྲིད་ལུང་གི་ཐོས་བསམ་དང་དགེ་རྒན་ཆེ་མོ་ཁྲོ་རུ་ཚེ་རྣམ་གྱི་དྲུང་ནས་རྒྱུད་བཞིའི་ལུང་དང་།ནག་རྩིས་དང་དཀར་རྩིས་ཀྱི་སྔོན་འགྲོ།དེ་བཞིན་དབྱངས་ཅན་སྒྲ་མདོ་སོགས་སྦྱོང་བའི་གོ་སྐབས་བྱུང་བས་ཀུན་བཤད་བཏགས་མིང་དུ་དབྱངས་ཅན་དགྱེས་པའི་རང་མདངས་ཞེས་པའི་མཚན་གནང་།བཀྲ་རྒྱལ་གྱིས་ཕྱོགས་གཞན་ཞིག་ནས་གཏར་རྩ་དོན་བདུན་དང་གབ་རྩ་རེ་ལྔའི་གསང་གཞལ་ཚུལ།གདབ་ཐབས།ཕན་ཡོན་གྱི་དོན་རྣམས་བསྲེག་བཅད་བརྡར་གསུམ་བྱས་པ་སོགས་མདོར་ན་མི་ལོ་བཞི་བཅུའི་རིང་གི་དུས་ཚོད་ནང་བཅོས་དཀའ་བའི་ནད་གཞི་ཟགས་ཆུ་རིགས་གསུམ་དང་།མཆིན་ནད་དུག་ཐབས།ཁྲག་གྲིབ་ནད།མིད་པའི་རྩ་ནག་ནད།དབུགས་མི་བདེ་བ།གྲེ་ཐོགས་ནད།ངོ་བོ་ཟད་པ།ཏྲེམ་དཀར་ནད།མཁལ་རྒུད།ལྕེ་དིག་པ།རྣ་བའི་ཚོར་ཤེད་ཞན་པ།རྣག་ཁྲག་འཛགས་པ་སོགས་ལ་ཞིབ་འཇུག་ནན་པོ་བྱས་ནས་སྔ་རྗེས་སུ་མན་ངག་སྨན་ཨ་རྒོད་རིལ་བུ་དང་།བྱུ་དམར་སོ་གཉིས།རྣམ་རྒྱལ་རིལ་བུ།ཕོ་བ་བདེ་བྱེད།སྙིང་ཁམས་བདེ་བྱེད།སྟོབས་སྐྱེད་ག་དོར་སྨན་དམར།གླང་ཆེན་13ཁ་ཚར།གོ་ཡུ་28ཁ་ཚར་སོགས་བཟོས་པ་མ་ཟད་རྒྱུན་སྤྱོད་ཀྱི་རིན་ཆེན་ཁག་ཁ་ཤས་དང་སྨན་དཀྱུས་ཉིས་བརྒྱ་ལྷག་ཙམ་སྦྱོར་རྟ་བྱས་ནས་རྣམ་རྒྱལ་བོད་སྨན་ཁང་གིས་སྤྱོད་བཞིན་ཡོད།

    གཞན་ཡང་ཁོང་གིས་ཉམས་མྱོང་ཁ་གསལ་བའི་དཔྱད་རྩོམ《མཆིན་ནད་ཟགས་ཆུ་བཅོས་པའི་མྱོང་བྱང་མདོར་བསྡུས》དང《མ་ཞུ་བའི་ནད་ཀྱི་བརྟག་བཅོས་སྐོར》《རྩ་ནག་གི་ངེས་ཚིག་གཏར་བཅོས་མྱོང་བ་གསལ་གྲོལ》 《གཏར་དཔྱད་ཀྱི་ལག་ལེན་མྱོང་བྱང་ཕྱོགས་སྡེབ》 དཔྱད་ལྔའི་གབ་རྩའི་སྐོར་བཤད་པ《འཚོ་བྱེད་སྨན་པའི་ལག་དེབ》བཅས་བརྩམས་པས་གབ་རྩའི་སྐོར་གྱི་དཔྱད་རྩོམ་དེར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཚོགས་ཀྱིས་ཕུལ་བྱུང་ཚན་རྩལ་རྩོམ་ཡིག་ཏུ་བདམས་ཡོད།2013ལོར་ཁྲེང་ཏུའུ་ཀྲུང་དབྱིའི་གསོ་རིག་སློབ་ཆེན་གྱིས་རྒྱལ་ཡོངས་ཀྲུང་དབྱིའི་གསོ་རིག་རིགས་གཅིག་མཁས་ཅན་གྱི་ཉམས་མྱོང་རྒྱུན་འཛིན་གྱི་ལས་དོན་འབུམ་རམས་སློབ་དཔོན་ལ་གདན་འདྲེན་ཞུས་པ་རེད།

    ཁོང་ནི་ད་ལྟ་བྲག་གཡབ་རྫོང་གི་བོད་སྨན་ཚན་ཁག་དང་རྣམ་རྒྱལ་བོད་སྨན་ཁང་གཉིས་ལ་རྒྱུན་བཞུགས་ཀྱིས་སྨན་ཁང་ཧྲིལ་པོའི་དཀའ་གནད་དང་ཞིབ་འཇུག་གི་འགག་གནད་སོགས་མུ་མཐུད་ནད་ཐོག་ལག་ལེན་དང་དཔྱད་ཀྱི་བཀོལ་སྤྱོད་སྨན་རྫས་སོགས་ཀྱི་ཞིབ་འཇུག་བྱེད་མུས་ཡིན་ལ་ད་ལྟ་འབུམ་གཞོན་སྨན་པའི་ཐོབ་ཐང་དང་།རྒྱབ་ཁབ་རིམ་པའི་རིགས་གཅིག་མཁས་ཅན།ལྗོངས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་།ས་མཐོའི་སྔོན་ཐོན་ཚན་རྩལ་པ།བོད་ལྗོངས་སྨན་རྩིས་ཁང་དང་།བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོ།ལྷོ་ཁ་སྨན་རྩིས་འགྲོ་ཕན་གླིང་།ཉིང་ཁྲི་ས་ཁུལ་སྨན་རྩིས་ཁང་།ཆབ་མདོ་ས་ཁུལ་སྨན་རྩིས་ཁང་།མཚོ་སྔོན་ཞིང་ཆེན་སྨན་རྩིས་ཁང་།མཚོ་སྔོན་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོ་སོགས་ཚན་པས་གདན་འདྲེན་ཞུས་པའི་རིགས་གཅིག་མཁས་ཅན་གྱི་གཟི་བརྗིད་མཚན་སྙན་ཡང་ཡོད་དོ།

མཛའ་འབྲེལ་དྲ་བ།
010020070840000000000000011100001336680371