བོད་ལྗོངས།
༄༅།།ལོ་ལྔའི་རིང་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་ཚུལ་ངོ་སྤྲོད་བྱས་པ།

    ཚེས་15ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྨྱན་སྦྱོར་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་སྤེལ་མགྱོགས་སུ་གཏོང་བ། བྱེད་ཐབས་མང་པོ་དང་བྱ་ཐབས་མང་པོ་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་ཐད་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    གསར་འགྱུར་མགྲིན་ཚབ་པ་དང་། ལྗོངས་དབུལ་སྐྱོར་གཞུང་དོན་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་བཅས་ཡིན་པའི་དབྱིན་ཧྥེན་ཧྲུའེ་ཡིས་ལྗོངས་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་པོ་གནང་བ་དང་ ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་མ་ཟད།རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་འགན་ལེན་བྱས་པས་རྩ་འཛུགས་ཀྱི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། འགན་འཁྲིའི་མ་ལག་ནུས་པ་མངོན་གསལ་དོད་དུ་ཕྱིན་པ། སྲིད་ཇུས་ཀྱི་མ་ལག་ཁྱོན་ཡོངས་ལ་ཁྱབ་པ། འཆར་འགོད་ཀྱི་མ་ལག་ཚན་རིག་དང་མཐུན་པ། གཏོང་ཆ་གཏོང་ཤུགས་ཀྱི་མ་ལག་སྣ་མང་ཕུན་སུམ་ཚོགས་པོ་བྱུང་བ། རོགས་སྐྱོར་གྱི་མ་ལག་གནད་སྨིན་ནུས་ལྡན་བྱུང་བ། ལྟ་སྐུལ་གྱི་མ་ལག་དོན་ཐོག་ཏུ་འཁྱོལ་བ། དཔྱད་དཔོག་གི་མ་ལག་ཚན་རིག་དང་མཐུན་པ་བཅས་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་གོ་རིམ་ལྡན་པའི་ངང་སྐུལ་མ་ཏན་ཏིག་ཐེབས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་14.7དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་1008དབུལ་པོ་ལས་བསྒྲལ་བ། རྫོང(ཆུས)10ལ་དབུལ་ཞྭ་འབུད་པའི་ཆ་རྐྱེན་འཛོམས་པ། རྫོང(ཆུས)5ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་འདུན་ཞུ་ཕུལ་བ་བཅས་བྱས་ཡོད། ཀྲུང་དབྱང་གིས་བོད་འདི་ཉིད་2016ལོའི་དབུལ་སྐྱོར་གསར་སྤེལ་གྱི་གྲུབ་འབྲས་ཐོན་པའི“ཕྱོགས་བསྡུས་གདེང་འཇོག་ལེགས་པའི”རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་8ཀྱི་གྲས་སུ་གཏན་འཁེལ་བྱས་པ་དང་ཀྲུང་དབྱང་གི་བརྡ་ཁྱབ་གཟེངས་བསྟོད་དང་མ་དངུལ་གྱི་བྱ་དགའ་ཐོབ་ཡོད།

    2017ལོར་ལྗོངས་ཡོངས་ཀྱིས་མི་གྲངས་དབུལ་པོ་ཁྲི་13ཡན་ཉུང་དུ་གཏོང་བ་དང་། གྲོང་ཚོ་དབུལ་པོ་1705དབུལ་སྒྲོལ་བྱུང་བ། རྫོང(ཆུས)25དབུལ་ཞྭ་འབུད་ཐུབ་པ་བཅས་བྱ་རྩིས་ཡོད།

    དབྱིན་ཧྥེན་ཧྲུའེ་ཡིས་ལྗོངས་ཕྱི་ནང་གི་གསར་འགྱུར་སྨྱན་སྦྱོར་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་ཞིང་། ཁོང་གིས་2017ལོའི་ལྗོངས་ཡོངས་ཀྱི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་རྒྱུ་དང་། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་སླར་ཡང་རྒྱལ་ཁ་ཧུར་ཐག་ལེན་ཆེད། རང་སྐྱོང་ལྗོངས་ཀྱིས་བྱ་ཐབས་རབ་དང་རིམ་པ་སྤྱད་ཡོད་པ་སྟེ། གཅིག་ནས་མཐོ་ས་ནས་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། གཉིས་ནས་གནད་སྨིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པ། “སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། རོགས་སྐྱོར་ཇི་ལྟར་བྱེད་པ། དབུལ་སྒྲོལ་ཇི་ལྟར་ཐུབ་པ་བྱེད་པ”བཅས་གནད་དོན་ཆེ་གྲས་བཞི་ལ་དམ་པོར་དམིགས་ཏེ“གནད་སྨིན”ཡོང་བར་འབད་བརྩོན་བྱེད་པ་དང་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར་བྱེད་པ་དང་། མདུན་སྐྱོད་བྱ་རྒྱུ་ཡོད་ལ་ཕྱིར་འཐེན་བྱ་རྒྱུ་ཡང་ཡོད་པ། གནས་ཚུལ་འགྱུར་ལྡོག་ལ་དོ་དམ་བྱེད་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་གནས་ཚུལ་འགྱུར་ལྡོག་ལེགས་སྒྲིག་བྱུང་ཡོད། གསུམ་ནས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། འདི་ལོ་རིགས་ཁག་གི་ཞིང་ལས་དང་འབྲེལ་བའི་མ་དངུལ་སྒོར་དུང་ཕྱུར་102.26བསྡུ་སྒྲིལ་བྱས་པ་དེ་ན་ནིང་ལས་སྒོར་དུང་ཕྱུར་3.6འཕར་བ་དང་། ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་20མང་དུ་ཕྱིན་པ། སྣོད་བཅུད་ཁ་གསབ་ཀྱི་ལས་གནས་ཁྲི་20མང་དུ་ཕྱིན་པ་བཅས་བྱུང་ཡོད། བཞི་ནས་སྲིད་ཇུས་ཁག་དོན་འཁྱོལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུ་དམ་འཛིན་ནན་པོ་བྱེད་པ། ལྔ་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་ཤུགས་ཆེ་རུ་གཏོང་བ། འདི་ལོ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚོགས་ཆུང་20ལྷག་ཙམ་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར(ས་ཁུལ)7དང་རྫོང(ཆུས)74དང་ལྷག་པར་དུ་དབུལ་ཞྭ་འབུད་རྩིས་ཡོད་པའི་རྫོང(ཆུས)25ལ་ཟབ་སྐྱོད་ཀྱིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་མ་ཟད། དབུལ་སྐྱོར་བྱ་ཐབས་འགན་ལེན་ཏན་ཏིག་དང་དབུལ་སྐྱོར་གྱི་ཕན་འབྲས་དངོས་ཐོན་པའི་སྒོ་ནས་ཞིབ་བཤེར་ངོ་མ་ཐེག་པ་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366206281